རྒྱ་ནག་གིས་འབྲོག་པ་ལ་སྡོད་ཁྱིམ་༢༠༠༠ལྷག་བརྒྱབ་རྒྱུ།

རྒྱ་ནག་གཞུང་གིས་འདི་ལོ་བོད་ཀྱི་མཚོ་སྔོན་ཁུལ་གྱི་འབྲོག་པ་མི་དམངས་ལ་སྡོད་ཁྱིམ་གསར་པ་ཉིས་སྟོང་ལྷག་གསར་རྒྱག་གི་འཆར་གཞི།

2011.03.27

༄༅༎རྒྱ་ནག་གཞུང་གིས་འདི་ལོ་བོད་ཀྱི་མཚོ་སྔོན་ཁུལ་གྱི་འབྲོག་པ་མི་དམངས་ལ་སྡོད་ཁྱིམ་གསར་པ་ཉིས་སྟོང་ལྷག་གསར་རྒྱག་གིས་འབྲོག་པ་རྣམས་ཁང་པའི་ནང་སྤོ་བཅུག་སྟེ་འཚོ་བའི་གནས་སྟངས་ཡར་རྒྱས་གཏང་རྒྱུ་ཡིན་ཟེར་བཤད་ཡོད་ཀྱང༌། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གི་འཆར་གཞི་དེ་ནི། བོད་ཀྱི་འབྲོག་པ་ཚོའི་ཐོུང་མ་ཡིན་པའི་སྲོལ་རྒྱུན་གྱི་འཚོ་ཐབས་ལ་གནོད་འཚེ་བཟོ་བའི་སྲིད་ཇུས་ཤིག་ཡིན་པ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

དེ་ཡང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་འགོ་ཁྲིད་གཞོན་པ་རུས་མིང་ཏེང་ཟེར་བས་རེས་གཟའ་སྤེན་པའི་ཉིན་བཤད་དོན། ཞིང་ཆེན་གྱི་ས་གནས་གཞུང་གིས་འདི་ལོ་བོད་ཀྱི་འབྲོག་པའི་སྡོད་ཁྱིམ་གསར་པ་ཉིས་སྟོང་ལྔ་བརྒྱ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། མ་འོངས་པའི་ལོ་ལྔའི་ནང་འབྲོག་པ་ཁྱིམ་དུད་ཆིག་འབུམ་གསུམ་ཁྲི་བཞི་སྟོང་ལ་སྡོད་ཁྱིམ་གསར་པ་འཛུགས་སྐྲུན་བྱེད་པར་རྒྱ་མིའི་སྒོར་མོ་ཐེར་འབུམ་དྲུག་འགྲོ་སྒྲོན་གཏོང་རྒྱུ་ཡིན་ཞིང༌། བོད་མི་མང་པོ་ཞིག་སྡོད་ཁྱིམ་གསར་པའི་ནང་དུ་སྤོས་ཏེ་ཁོང་ཚོར་ཉེན་ཁ་མེད་ལ་དྲོ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་རྒྱུ་ཡིན་པ་བཤད་ཡོད་པ་རེད། ད་དུང་ཏེང་གིས་བཤད་པར་གཞིགས་ན། ཕྱི་ལོ་༢༠༠༩ནས་བཟུང་རྒྱ་ནག་གཞུང་གིས་འབྲོག་པ་ཚོ་རྩ་ཐང་དུ་འཚོ་བ་བསྐྱལ་དུ་མ་བཅུག་པ་སྡོད་ཁྱིམ་གསར་རྒྱག་གི་ལས་གཞི་འགོ་བཙུགས་ཏེ། ད་བར་ལོ་གཉིས་ལྷག་ཙམ་དེའི་ནང་ལ་འབྲོག་པ་མི་དམངས་བཞི་ཁྲི་དྲུག་སྟོང་ལྷག་སྡོད་ཁྱིམ་གསར་པའི་ནང་གནས་སྤོ་བྱེད་དུ་བཅུག་ཡོད་པ་དང༌། ད་དུང་སྡོད་ཁྱིམ་བཞི་སྟོང་མུ་མཐུད་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་པ་བཤད་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་དེ་ནི། བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་ཕྱོགས་སུ་བོད་མི་མང་ཤོས་གནས་ཡུལ་ཞིག་ཡིན་པ་དང༌། དེའི་ཁུལ་གྱི་བོད་མི་འབྲོག་པ་མང་པོ་ཞིག་ལ་འཚོ་རྟེན་གྱི་ཡོང་བབ་ཧ་ཅང་གི་སྐྱོ་པོ་ཡིན་པ་མ་ཟད། འཚོ་བའི་གནས་སྟངས་ཀྱང་ཧ་ཅང་གི་སྐྱོ་པོ་ཡིན་ཞིང༌། ད་དུང་རྒྱ་ནག་གཞུང་གིས་ཁོང་ཚོའི་མི་རབ་ནས་མི་རབ་བར་དུ་ཆགས་པའི་འཚོ་བའི་གོམས་བཤིས་ལ་འགྱུར་ལྡོག་བཏང་སྟེ། ཕྱུག་རིགས་ལ་རྟེན་པའི་འཚོ་ཐབས་མེད་པ་བཟོ་བའི་སྲིད་ཇུས་འཛིན་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎