ཉག་ཆུ་གཙང་པོ་ཐོག་གློག་ཁང་རྒྱག་བཞིན་པས་ཉེ་འཁོར་གྱི་ཡུལ་མི་ཚོར་དཀའ་ངལ་འཕྲད་བཞིན་འདུག

2020.12.11
ཉག་ཆུ་གཙང་པོ་ཐོག་གློག་ཁང་རྒྱག་བཞིན་པས་ཉེ་འཁོར་གྱི་ཡུལ་མི་ཚོར་དཀའ་ངལ་འཕྲད་བཞིན་འདུག བཀག་ནས་ཡོད་པའི་ཉག་ཆུ་གཙང་པོ།
བོད་འབྱོར།

རྒྱ་ནག་གཞུང་གིས་ཉག་ཆུ་གཙང་པོ་བཀག་ནས་གློག་ཁང་རྒྱག་བཞིན་པས་གཙང་པོའི་ནང་གི་ཉ་མང་པོ་ཤི་བ་དང་ཉེ་འཁོར་གྱི་ཡུལ་མི་ཚོར་དཀའ་ངལ་འཕྲད་བཞིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། རྒྱ་ནག་གིས་བརྗོད་བཞིན་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་གི་ཉག་ཆུ་གཙང་པོ་བཀག་ནས་རྒྱ་ནག་གཞུང་གིས་གློག་ཁང་ཆེན་པོ་ཞིག་རྒྱག་བཞིན་པའི་རྐྱེན། གློག་ཁང་རྒྱག་ཡུལ་གཤམ་འོག་གི་གཙང་ཆུ་ཇེ་ཉུང་དུ་སོང་བ་དང་། ཉ་སོགས་སེམས་ཅན་མང་པོ་ཤི་བ་མ་ཟད། མ་འོངས་རིམ་པས་གཙང་པོའི་རྒྱུད་ཀྱི་བོད་མིའི་ཁྱིམ་ཚང་༩༥༥ཙམ་ས་གནས་གཞན་ལ་གནས་སྤོ་བྱེད་དགོས་ཐུག་བཞིན་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་གསལ་བཤད་བྱས་ཡོད་པ་དང་། གཙང་ཆུ་ཇེ་ཉུང་དུ་སོང་བ་དང་མཉམ་ཉ་སོགས་སེམས་ཅན་མང་པོ་ཤི་བཞིན་པ་ས་གནས་བོད་མི་ཚོས་སྐྱོབ་ཐབས་བྱེད་བཞིན་ཡོད་ཀྱང་། ད་ཆ་གཙང་ཆུ་རྒྱུག་ཤུལ་སྐམ་ནས་སྐྱོབ་དཀའ་བའི་གནས་སུ་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
གནས་ཚུལ་འདིའི་ཐད་བཙན་བྱོལ་དུ་ཡོད་པ་དགེ་བཤེས་འཇམ་དབྱངས་ཉི་མ་ལགས་ཀྱིས་གསུངས་ན། ཉག་ཆུ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འོག་ལ་རྫོང་ཁག་༡༨་ཡོད་པའི་ཉག་ཆུ་རྫོང་ནང་ཡོད་པ་དང་། བོད་ནང་གི་གཙང་པོ་ཆེ་གྲས་ཞིག་ཡིན། ཡིན་ཡང་ད་སྐབས་རྒྱ་ནག་གཞུང་གིས་ཉག་ཆུ་གཙང་པོ་བཀག་ནས་གློག་ཁང་རྒྱག་བཞིན་པར་བརྟེན། གཙང་ཆུ་ཇེ་ཉུང་ལ་སོང་ནས་བྱིས་པ་ལོ་ཆུང་ཞིག་གིས་ཀྱང་ཕལ་ཆེར་བརྒལ་ཐུབ་པ་ལྟ་བུར་གྱུར་ཡོད་འདུག་ཅེས་འགྲེལ་བརྗོད་གནང་ཡོད།
གནས་ཚུལ་ལྟར་ན། གོང་བརྗོད་གློག་ཁང་དེ་རྒྱག་པར་རྒྱ་ནག་གི་མཚོ་བོད་ལྕགས་ལམ་ལས་ཁུངས་ཀྱིས་འགྲོ་སོང་རྒྱ་སྒོར་དུང་ཕྱུར་༦༦༤་ལྷག་ཙམ་གཏོང་བཞིན་ཡོད་པ་རེད།
ཉག་ཆུ་ནི་བ་ཡན་ཧ་རི་ནས་ཡུལ་ཤུལ་ཁྲི་འདུ་རྫོང་གི་ཤར་ངོས་བརྒྱུད། རྫ་ཆུ་ཁའི་སེར་ཤུལ་དང་། དཀར་མཛེས་རྫོང་བརྒྱུད་ཉག་རོང་དུ་བབས་ཏེ་ཉག་ཆུ་ཁར་སླེབས་ཤིང་། དེ་ནས་ལང་ཧྲན་བརྒྱུད་ནས་མཐར་འབྲི་ཆུ་ལ་འདྲེས་བཞིན་པ་དང་ཆུ་རྒྱུན་རིང་ཚད་སྤྱི་ལེ་༨༥༠ཙམ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎