བོད་པའི་སྐུ་ཚབ་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་མཆོག་དང་མཇལ་འཕྲད།
2019.07.17
བོད་པའི་སྐུ་ཚབ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་སྐབས་བོད་དོན་ཞུ་སྐུལ་གནང་འདུག
དེ་ཡང་ཕྱི་ཟླ་༧་ཚེས་༡༧་ཉིན་བོད་པའི་སྐུ་ཚབ་ཉི་མ་ལྷ་མོ་ལགས་ཀྱིས་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་(Donald Trump)་མཆོག་དང་མཇལ་འཕྲད་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་ཕེབས་ཐུབ་རྒྱུ་དང་། བོད་ནང་གི་བོད་མི་ཚོར་ཨ་མི་རི་ཀའི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ། དེ་བཞིན་བོད་དོན་ཐད་མུ་མཐུད་དུ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཚོར་ཤུགས་ཆེན་པོས་ཞུས་འདུག
ཉི་མ་ལྷ་མོ་ལགས་ནི་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་མཆོག་དང་མཇལ་འཕྲད་གནང་མཁན་བོད་པ་ཐོག་མ་དེ་ཡིན་ཞིང་། ཁོང་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདུ་བསྐོང་གནང་པའི་ཆོས་དད་རང་དབང་དར་སྤེལ་ཆེད་ཀྱི་ཆེས་མཐོའི་ལྷན་ཚོགས་ཐེངས་གཉིས་པའི་ཐོག་བོད་པའི་སྐུ་ཚབ་ཀྱི་མིང་ཐོག་ནས་ཕེབས་ཡོད་པ་རེད། ཕོ་བྲང་དཀར་པོའི་ནང་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་མཆོག་མཇལ་འཕྲད་སྐབས་ཆོས་དད་རང་དབང་གི་ཚོགས་འདུར་ཕེབས་པའི་སྐུ་ཚབ་གཞན་ཁག་ཁག་ཅིག་ཀྱང་མཉམ་དུ་ཡོད་ཅིང་། ཉི་མ་ལྷ་མོ་ལགས་ཀྱིས་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་མཆོག་ལ་ཨ་མི་རི་ཀས་བོད་དོན་ཐད་རྒྱབ་སྐྱོར་གནང་རོགས་ཞུས་པ་དང་སྦྲགས་ “ངས་དབྱིན་སྐད་ཡག་པོ་ཤེས་ཀྱི་མེད།”ཅེས་དགོངས་སེལ་ཞུས་པར་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་མཆོག་གིས་གང་ཡང་བྱེད་ཀྱི་མ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུ་རོགས་ཞེས་གསུངས་ཡོད་པ་རེད།
ཉི་མ་ལྷ་མོ་ལགས་ནི་ཕྱི་ལོ་ ༢༠༡༥ ་ལོར་རྒྱ་ནག་གི་བཙོན་ཁང་ནང་དགོངས་པ་རྫོགས་པ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཡིན་ཞིང་། ཁོང་བཙན་བྱོལ་དུ་ཕེབས་དགོས་བྱུང་པའི་རྗེས་བོད་ནང་གི་དངོས་ཡོད་གནས་སྟངས་དང་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྐོར་གྱི་གནས་ཚུལ་ཁག་རྒྱལ་སྤྱིའི་སྡིངས་ཆ་འདྲ་མིན་ཐོག་ངོ་སྤྲོད་གནང་བཞིན་ཡོད་པ་རེད།