བོད་ནང་འཛུགས་བསྐྲུན་གྱི་ལས་གཞིའི་རྒྱབ་ལྗོངས་སུ་དམིགས་ཡུལ་གཞན་ཡོད་པ་ཉམས་ཞིབ་པས་བརྗོད་ཀྱི་འདུག


2020.05.28
ལྷ་ས་ནས་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་བཟོ་བཞིན་པ། ལྷ་ས་ནས་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་བཟོ་བཞིན་པ།
མཐུན་འགྱུར་པར་རིས། ཚེ་དབང་རྡོ་རྗེ།

རྒྱ་ནག་གཞུང་གིས་བོད་ཀྱི་ཉིང་ཁྲི་ས་ཁུལ་དུ་འཛུགས་སྐྲུན་ཀྱི་ལས་གཞི་སྤེལ་བཞིན་ཡོད་པ་དེའི་རྒྱབ་ལྗོངས་སུ་དམག་གི་འཐབ་བྱུས་ངེས་ཅན་ཞིག་ཡོད་པ་མ་ཟད་བོད་མི་ཚོར་དེ་ཙམ་ཕན་ཐོགས་མེད་པ་གནད་དོན་དབྱེ་ཞིབ་པས་བརྗོད་ཀྱི་འདུག
ཟླ་བ་འདིའི་ཚེས་༢༧་ཉིན་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་དུ། རྒྱ་ནག་གཞུང་གིས་གཙོ་གལ་ཆེ་བའི་འཛུགས་སྐྲུན་གྱི་ལས་གཞི་མི་འདྲ་བ་༤༠་སྐོར་ཞིག་འགོ་འཛུགས་བྱས་ཡོད་པ་གནས་ཚུལ་སྤེལ་འདུག་པ་དང་། དེའི་ཐད་གཞིས་ཀ་རྩེར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་གསུངས་ན། གཞི་རྩའི་ཆ་ནས་ཉིང་ཁྲི་ས་ཁུལ་དུ་རྒྱ་ནག་གཞུང་གིས་དེ་སྔ་ནས་གཞུང་ལམ་དང་ཁང་པ་གསར་རྒྱག་ལ་སོགས་པའི་འཛུགས་སྐྲུན་ལས་གཞི་དུ་མ་ཞིག་སྤེལ་བཞིན་ཡོད་པ་དང་། ལས་མི་ཕལ་ཆེ་བ་ནི་བོད་རིགས་ཡིན་པ་མ་ཟད། གཞུང་གི་བཀོད་སྒྲིག་གཞིར་བཟུང་ག་པར་ཤོག་ཟེར་ན་ངེས་པར་དུ་འགྲོ་དགོས་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་།
ད་རེས་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པར་གཞིགས་ན། བོད་ཉིང་ཁྲི་ས་ཁུལ་དུ་རྨང་གཞིའི་འཛུགས་སྐྲུན་དང་། ཡུལ་སྐོར་སྤྲོ་འཆམ་ལ་སོགས་པའི་ལས་གཞི་ཁག་ལ་ཁྱོན་ཨ་སྒོར་ས་ཡ་༣༢༧་ལྷག་གི་མ་འཛུགས་བྱས་ཡོད་པ་དང་། ལས་གཞི་དེ་དག་གི་བརྒྱུད་ནས་ས་གནས་ཞིང་འབྲོག་༤༨༠༠་ལྷག་ལ་ལས་ཀའི་གོ་སྐབས་རག་གི་ཡོད་ཚུལ་སོགས་ཀྱི་ཁྱབ་བསྒྲགས་བྱས་འདུག
གོང་ཞུས་གནས་ཚུལ་འདི་དང་འབྲེལ་བའི་ཐད། རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་དང་། རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་སྐུ་ཞབས་(Jayadeva Ranade)་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་གསུངས་ན། དམག་དོན་འཐབ་བྱུས་ཀྱི་ཐོག་ནས་ཉིང་ཁྲི་ས་ཁུལ་ནི། རྒྱ་ནག་ལ་གལ་འགངས་ཆེན་པ་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གི་བཅིངས་འགྲོལ་དམག་མིའི་དམག་སྒར་ཆེན་པོ་ཞིག་ཀྱང་དེ་ཁུལ་དུ་གསར་སྐྲུན་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ས་ཁུལ་འདིར་གནམ་ཐང་གཉིས་པ་ཞིག་གསར་རྒྱག་བྱེད་འཆར་ཡོད་འདུག་ཅེས་དང་། ངོས་ཀྱིས་རྒྱུན་དུ་དོ་སྣང་བྱེད་པའི་སྐབས། རྒྱ་ནག་སྐམ་ས་ནས་དབང་འཛིན་མི་སྣ་ཚོ་བོད་ཁུལ་དུ་སླེབས་པའི་སྐབས། ཉིང་ཁྲི་ས་ཁུལ་དེ་ཁོང་ཚོས་གཞན་དང་མི་འདྲ་བར་གལ་ཆེན་པོ་ཞིག་ལ་རྩིས་ཏེ་ས་ཁུལ་དེར་ངེས་པར་དུ་གཟིགས་སྐོར་ལ་འགྲོ་ཡི་ཡོད་པ་རེད། དེར་བརྟེན། ས་ཁུལ་དེ་ནི་རྒྱ་ནག་གི་དམག་དོན་འཐབ་བྱུས་ལ་གལ་འགངས་ཆེན་པོ་འགྱུར་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་རྒྱ་ནག་གཞུང་གིས་བཟོ་ལས་ཡར་རྒྱས་དང་། འཛུགས་སྐྲུན་ལས་གཞི་བརྒྱུད་ནས་ཉིང་ཁྲི་ཁུལ་དུ་གནས་སྡོད་མི་དམངས་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཡོད་ལུགས་བརྗོད་ཡོད་ཀྱང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་དཀར་གཉིས་ཀྱི་ས་མཚམས་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། འདི་ནི་དོན་དངོས་ཐོག་བོད་མི་ཚོའི་ཕུགས་ལ་ཕན་ཐོག་ཡོད་པའི་ལས་གཞི་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་མེད། གང་ཡིན་ཟེར་ན། ཉིང་ཁྲི་ལྟ་བུ་མཐའ་འཚམས་ཀྱི་ས་ཁུལ་ཁག་ཏུ་མི་འབོར་ཉུང་ཉུང་སོང་ཙང་། ས་ཁུལ་དེ་དག་ལ་མེ་འཁོར་ལྕགས་ལམ་གསར་སྐྲུན་དང་གཞུང་ལམ་སོགས་གསར་རྒྱག་བྱས་པའི་རྗེས། རིམ་པས་རྒྱ་ནག་གཞུང་གིས་རྒྱ་ནག་སྐམ་ས་ནས་རྒྱ་རིགས་འབོར་ཆེན་གནས་སྤོས་བྱེད་རྒྱུའི་འཆར་གཞི་ངེས་ཅན་ཞིག་ཡོད་པ་གསལ་པོ་རེད་ལ། ཕྱོགས་གཞན་ཞིག་ནས་ལས་གཞི་རྒྱ་ཆེན་སྤེལ་བཞིན་ཡོད་འདི་ནི། དམག་དོན་དང་འཐབ་བྱུས་སོགས་ཡིན་པ་འགྲེལ་བརྗོད་གནང་སོང་།
ཡང་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཉེ་ལམ་ཉིང་ཁྲི་ས་ཁུལ་དུ་ལས་གཞི་ཁ་མི་འདྲ་བ་༤༠་སྐོར་ཞིག་འགོ་འཛུགས་གནང་ཡོད་ཟེར་བ་ནི། དབྱེ་བ་གསུམ་ལ་དབྱེ་ཆོག་པ་དང་། དེ་དག་ནི་མེ་འཁོར་ལྕགས་ལམ་གསར་རྒྱག་དང་། གཞུང་ལམ་གསར་རྒྱག དེ་བཞིན་གྲོང་སྡེ་གསར་པ་འཛུགས་སྐྲུན་བཅས་ནང་ཚུད་ཡོད་པ་བསམ་ཚུལ་འགྲེལ་བརྗོད་གནང་སོང་ལ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཉིང་ཁྲི་དང་ལྷ་སའི་བར་ལ་མེ་འཁོར་ལྕགས་ལམ་གསར་པ་ཞིག་གསར་སྐྲུན་བྱེད་མུས་ཡིན་ཞིང་། ༢༠༢༡་བར་ལས་གཞི་ཆ་ཚང་མཇུག་སྒྲིག་གནང་འཆར་ཡོད་པ་འགྲེལ་བརྗོད་གནང་སོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎