ཨ་རིའི་སྲིད་འཛིན་འོས་དམིགས་ནས་བོད་དོན་རྒྱབ་སྐྱོར་གནང་བ།

ཨ་རིའི་སྲིད་འཛིན་འོས་དམིགས་ཨོ་སྦ་མ་ཡིས་བོད་མིའི་འཐབ་རྩོད་ལ་རྒྱབ་བསྐྱོར་ཡོད་ལུགས་འཁོད་པའི་ཕྱག་བྲིས་ཤིག་༸གོང་ས་མཆོག་ལ་ཕུལ་བ།

2008-07-27
Share

༄༅༎ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་དམིགས་ སྦ་རཁ་ཨོ་སྦ་མ་ ཡིས་ བོད་མིའི་འཐབ་རྩོད་ལ་རྒྱབ་བསྐྱོར་གནང་གི་ཡོད་ལུགས་འཁོད་པའི་ཕྱག་བྲིས་ཤིག་༸གོང་ས་མཆོག་ལ་ཕུལ་གནང་འདུག

ཕྱི་ཟླ་བདུན་པའི་ཚེས་༢༤འཁོད་པའི་ཕྱག་བྲིས་ནང་ ཨོ་སྦ་མ་ཡིས་ ཕྲན་རང་ཕྱོགས་བསྐྱོད་བྱེད་བཞིན་པར་བརྟེན་སྐུ་ཉིད་ཟླ་བ་འདིའི་ནང་ཨ་མི་རི་ཀར་ཕེབས་སྐབས་མཇལ་འཕྲད་ཀྱི་གོ་སྐབས་མ་བྱུང་ཡང་ ཛ དྲག་གི་དུས་ཚོད་འདིའི་སྐབས་སུ་ སྐུ་ཉིད་ལ་ཕྲན་གྱིས་གུས་བརྩི་ཆེན་པོའི་ངང་ཁྱེད་ཀྱི་ཐུགས་དགོངས་དང་ཁྱེད་ཀྱི་མི་མང་ལ་རྒྱབ་བསྐྱོར་ཞུ་ཡི་ཡོད་ ཕྲན་གྱི་ཡི་གེ་འདི་དང་སྐུ་ཉིད་གྲོས་ཚོགས་གོང་མའི་འཐུས་མི་མེ་ཀེན་མཇལ་འཕྲད་གནང་བ་དེ་གཉིས་ནས་ ཆབ་སྲིད་ཀྱི་འཐེན་འཁྱེར་དང་འདི་ལོའི་གལ་ཆེའི་འོས་བསྡུའི་བྲེལ་ཟིང་ཇི་འདྲ་ཞིག་ཡིན་རུང་ ཨ་མི་རི་ཀས་བོད་མི་མང་དོ་སྣང་དང་རྒྱབ་བསྐྱོར་ཅི་ཙམ་ཡོད་པ་གསལ་པོ་རེད་ཅེས་གསུངས་གནང་འདུག

ཡང་ཁོང་གིས་ བོད་རྒྱའི་འབྲེལ་མོལ་ལ་ཐུགས་སྣང་གནང་གི་ཡོད་པའི་སྐོར་འདི་ལྟར་གསུངས་འདུག བོད་རྒྱའི་འབྲེལ་མོལ་འགོར་གཞིང་ཆེ་བ་དང་བོད་མི་ཚོར་དཀའ་སྡུག་མུ་མཐུད་ནས་སྲིད་ཀྱང་ གལ་སྲིད་ཕྱོགས་གཉིས་ཀས་གཉིས་ཕན་གྱི་འདུ་ཤེས་བཅང་ནས་འབྲེལ་ལམ་རྒྱུན་སྲིང་བྱས་པ་ཡིན་ན་འབྲེལ་ལམ་དང་གྲོས་མོལ་ལ་འགྲུབ་འབྲས་སོན་པའི་རེ་བ་ཡོད་ དེ་འདྲའི་འབྲེལ་ལམ་ནི་ ཨོ་ལིམ་པིག་རྩེད་འགྲན་གྱི་རྗེས་སུ་ཡང་མུ་མཐུད་རྒྱུའི་རེ་བ་ཡོད་ལ་ རང་ངོས་མུ་མཐུད་ནས་རྒྱབ་བསྐྱོར་བྱ་རྒྱུའི་དམ་བཅའ་ཕུལ་གྱི་ཡོད་ཅེས་གསུངས་གནང་འདུག མཇུག་ཏུ་ཁོང་གིས་ ངས་༸ཁྱེད་དང་བོད་མིའི་ཐོབ་ཐང་ལ་རྒྱབ་བསྐྱོར་བྱེད་ཀྱི་ཡིན་ ཆོས་ལུགས་རིས་མེད་ཀྱི་མི་མང་ཚོས་ཁྱེད་ཀྱིས་གང་གནང་བཞིན་པ་དང་གསུངས་བཞིན་པ་དེར་རྗེས་སུ་ཡི་རང་བྱེད་ཡོད་རེད་ སླད་མར་མཇལ་བའི་སྨོན་འདུན་ཡོད་ཅེས་གསུངས་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎