ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་ནང་བོད་རིགས་ལ་དམིགས་པའི་སློབ་གྲྭ་ཞིག་གསར་འཛུགས་ཀྱི་ཆོག་མཆན་ཐོབ་འདུག

2024.09.12
ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་ནང་བོད་རིགས་ལ་དམིགས་པའི་སློབ་གྲྭ་ཞིག་གསར་འཛུགས་ཀྱི་ཆོག་མཆན་ཐོབ་འདུག ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་ནང་བོད་རིགས་ལ་དམིགས་པའི་སློབ་གྲྭ་ཞིག་གསར་འཛུགས་ཆེད་༧གོང་ས་མཆོག་གིས་བསྩལ་བའི་མཚན་བྱང་།
མཐུན་འགྱུར་པར་རིས། ཐུབ་བསྟན་ཟླ་གྲགས།

དེ་ཡང་ཨ་མི་རི་ཀའི་མི་ནེ་སོ་ཊ་(Minnesota)་མངའ་སྡེའི་ནང་། བོད་རིགས་དང་ཕྱི་རྒྱལ་དོན་གཉེར་བ་ཁག་ཅིག་གིས་མངའ་སྡེའི་ནང་དམིགས་བསལ་སློབ་གྲྭ་(Ocean of Wisdom)ཞེས་པ་གསར་འཛུགས་བྱེད་རྒྱུའི་འཆར་གཞིའི་ཐོག་ནས་མངའ་སྡེའི་ཤེས་རིག་ལས་ཁུངས་སུ་ཞུ་སྐུལ་གནང་བ་བཞིན་ད་ཆ་ཆོག་མཆན་ཐོབ་ཡོད་པ་ཕྱི་ཟླ་དགུ་པའི་ཚེས་༡༡ཉིན་ཡོངས་ཁྱབ་སྤྱི་བསྒྲགས་སྤེལ་ཡོད་པ་བཞིན་སློབ་གྲྭ་གསར་འཛུགས་ཀྱི་འཆར་གཞིའི་ལས་དོན་ཁྲོད་ཡོད་པ་ཁྲིམས་རྩོད་པ་ངག་དབང་སྒྲོན་དཀར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ངག་དབང་སྒྲོན་དཀར་ལགས་ཀྱིས་མུ་མཐུད་དུ་གསུངས་ན། དེང་སྐབས་བྱང་ཨ་རིའི་ནང་བོད་མི་ཇེ་མང་དུ་འགྲོ་བཞིན་པ་དང་མཉམ་བོད་ཕྲུག་བྱིས་པ་མང་པོ་ཡོང་བཞིན་པས། བོད་པའི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་དང་སྲུང་སྐྱོབ་ཆེད་དུ་ཡིན་པས་ད་རེས་མངའ་སྡེ་གཞུང་གིས་ཆོག་མཆན་སྤྲད་པ་ནི་གཏམ་བཟང་ཡིན་པ་སོགས་ངོ་སྤྲོད་གནང་བྱུང་།
ཉེ་ལམ་སློབ་གྲྭ་དེ་གསར་འཛུགས་ཆེད་གཙོ་འགན་པ་ཐུབ་བསྟན་ཟླ་གྲགས་ལགས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་ལས་དོན་སྙན་སེང་ཞུས་བར། མགོན་པོ་གང་ཉིད་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་སློབ་གྲྭའི་མཚན་བྱང་ལ་“གནའ་དེང་ཤེས་ཡོན་བསྟི་གནས་ཁང་”ཞེས་དང་དབྱིན་ཡིག་ནང་(Ocean of wisdom)་ཞེས་སྩལ་ཏེ། སྐུ་རྟེན་ཞིག་ཀྱང་གནང་བ་སོགས་ཐུབ་བསྟན་ཟླ་གྲགས་ལགས་ཀྱིས་དེ་སྔོན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།

Ocean of Wisdom (2).jpeg
ཨ་མི་རི་ཀའི་མི་ནི་སོ་ཊ་མངའ་སྡེའི་ནང་བོད་ཕྲུག་གི་ཆེད་སློབ་གྲྭ་གསར་འཛུགས་གནང་རྒྱུར་༧གོང་ས་མཆོག་གིས་མཚན་བྱང་བསྩལ་གནང་སྐབས། མཐུན་འགྱུར་པར་རིས། ཐུབ་བསྟན་ཟླ་གྲགས།


གཞན་ཁོང་ཚོའི་སྤྱི་བསྒྲགས་ནང་། སྤྱི་ཚོགས་ལ་དགོས་ངེས་དང་ཕན་ཐོག་ཡོང་ཐབས་སུ་དམིགས་ནས་གསར་གཏོད་ཅན་གྱི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་སློབ་ཡོན་སྤྲོད་མི་དགོས་པའི་སློབ་གྲྭ་ཞིག་གསར་འཛུགས་བྱེད་རྒྱུ་དང་། དེའི་ནང་དམིགས་བསལ་(SEE LEARNING)་ཞེས་སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོད་དང་ལྡན་པའི་སློབ་གསོ་སྤྲོད་ཐབས་བྱེད་རྒྱུའི་ཐོག་བོད་ཡིག་སློབ་ཁྲིད་ཀྱང་ཡོད་པ་ཞིག་བཟོ་རྒྱུའི་འཆར་གཞིའི་འོག་ནས་མངའ་སྡེའི་འབྲེལ་ཡོད་ལ་འབོད་སྐུལ་ཞུས་པ་ལྟར། ད་རེས་བཀའ་འཁྲོལ་ཐོབ་པར་ང་ཚོས་དགའ་སྤོབས་ངང་ནས་གསལ་བསྒྲགས་ཞུ་རྒྱུ་ཡིན་ཞེས་དང་། མུ་མཐུད་ནས་འདི་ལྟ་བུའི་འཆར་གཞི་ཆེན་པོ་ཞིག་ཀུན་སློང་བཟང་པོའི་ངང་ནས་ཞུ་སྐུལ་བྱས་པ་དེ་དག་ད་ཆ་གྲུབ་འབྲས་ཐོན་པ་དེ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་སློབ་གྲྭ་འདིའི་བོད་སྐད་ཀྱི་མིང་གནའ་དེང་ཤེས་ཡོན་བསྟི་གནས་ཁང་ཞེས་ཐུགས་སྨོན་དང་གསོལ་སྩལ་གནང་བ་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་བཅས་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་བརྟེན་ཡིན་ལུགས་བཀོད་འདུག
དེ་དང་ཕྱོགས་མཚུངས་གོང་ཞུས་གསར་འཛུགས་ཞུ་རྒྱུའི་སློབ་གྲྭ་འདིའི་ནང་ཤེས་ཡོན་སློབ་ཁྲིད་སོགས་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སི་ཤེས་ཡོན་སློབ་གསོའི་སྡེ་ཚན་དང་ཟུང་སྦྲེལ་གནང་རྒྱུ་ཡིན་ལུགས་ཀྱང་བཀོད་འདུག
ཡང་སྤྱི་ཡོངས་ཀྱི་ཆ་ནས་འདི་ལྟ་བུའི་སློབ་གྲྭའི་ནང་ཕྲུ་གུ་ཚོར་དཔེ་དེབ་སློབ་འཁྲིད་བྱེད་རྒྱུ་ཙམ་མ་ཡིན་པར་བྱམས་སེམས་དང་བཟང་སྤྱོད་དང་ལྡན་པའི་ཁོར་ཡུག་འོག་འཚར་ལོངས་སྐྱེད་སྲིང་གིས་མི་བཟང་པོ་ཞིག་བཟོ་ཐབས་སུ་དམིགས་པ་ཞིག་ཡིན་ལུགས་ཀྱང་བཀོད་འདུག
གོང་དུ་ཞུས་པའི་ཨ་མི་རི་ཀའི་མི་ནེ་སོ་ཊའི་གནའ་དེང་ཤེས་ཡོན་བསྟི་གནས་ཁང་ཞེས་པའི་སློབ་གྲྭ་འདི་བཞིན་འཆར་ལོ་ཕྱི་ལོ་༢༠༢༥ལོའི་ལོ་སྟོད་ནས་སློབ་འཇུག་འགོ་འཛུགས་རྒྱུ་དང་། ཐོག་མར་སྔོན་འགྲོ་ནས་འཛིན་རིམ་བཞི་པ་བར་དང་དེ་ནས་རིམ་བཞིན་འཛིན་རིམ་བརྒྱད་པ་བར་འཛུགས་འཆར་ཡོད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་ལོ་གསར་དང་སྟབས་བསྟུན་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཁྲིམས་ཡིག་ཉན་ཞིབ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་བཙན་ཐབས་ཀྱིས་རྒྱལ་སྟོན་དུས་ཆེན་ཟེར་བ་གཞི་རྒྱ་ཆེན་པོས་སྲུང་བརྩི་བྱེད་བཅུག་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎