པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་རྒྱ་ནག་ཏུ་འབྱོར་ཡོད་པ།
2008.05.04
༄༅༎རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་ད་རིང་རྒྱ་ནག་ཏུ་འབྱོར་བའི་དགའ་བསུ་
ཞུས་པ་དང་སྦྲགས་ད་རིང་ནས་རྒྱ་ནག་ནང་དཔལ་འབར་བསྐོར་བསྐྱོད་ཀྱི་བྱེད་སྒོ་འགོ་བཙུགས་
ཡོད་པ་རེད། རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་ད་རིང་རྒྱ་ནག་གི་ཧའེ་ནན་ཞིང་ཆེན་
གྱི་རྒྱལ་ས་སན་ཡ་ནང་བསྐོར་བསྐྱོད་བྱས་པའི་སྐབས་སྲུང་སྐྱོབ་དམ་བསྒྲགས་ཆེན་པོ་བྱས་ཏེ་རྒྱ་ནག་
གཞུང་གིས་བར་ལམ་ཕྱིའི་རྒྱལ་ཁབ་ཁག་ནང་དཔལ་འབར་སྐོར་བསྐྱོད་བྱས་པའི་སྐབས་ངོ་རྒོལ་
བྱས་མཁན་སོགས་ཀྱིས་དཀའ་རྙོག་མང་པོ་ཞིག་འཕྲད་པ་བཞིན་བསྐྱར་དུ་རྒྱ་ནག་ནང་དེ་ལྟར་
མི་ཡོང་བའི་དམ་བསྒྲགས་བྱས་ཡོད་ཅིང་། ལྷག་པར་དུ་དཔལ་འབར་ཐེངས་དང་པོ་རྒྱ་ནག་གི་ས་ཁུལ་
ནང་བསྐོར་བསྐྱོད་བྱས་པའི་དུས་ཚོད་དང་བར་ལམ་བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་བྱས་པའི་
བྱ་སྤྱོད་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་གི་
ད་ལྟའི་ཛ་དྲག་གི་དཀའ་རྙོག་སེལ་ཐབས་བྱེད་ཀྱི་མེད་པའི་གནོན་ཤུགས་སྤྲད་པར་བརྟེན་ནས་༧གོང་ས་
ཏཱ་ལའི་བླ་མའི་སྐུ་ཚབ་རྣམ་གཉིས་རྒྱ་ནག་གི་དཔོན་རིགས་ལྷན་དུ་བཀའ་བསྡུར་འགོ་བཙུགས་གནང་རྒྱུའི་
དུས་ཚོད་གཉིས་གཅིག་ཏུ་འཁེལ་ཡོད་པ་རེད། ད་རིང་ནས་འགོ་བཙུགས་ཏེ་ཕྱི་ཟླ་༨ པའི་ཚེས་ ༢༤
ཉིན་རྒྱ་ནག་ཏུ་ཨོ་ལིམ་ཕིག་རྩེད་འགྲན་དངོས་གཞི་མ་ཚུགས་བར་དུ་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་
འབར་དེ་བཞིན་བོད་ཀྱི་ཇོ་མོ་གླང་མའི་རི་རྩེ་དང་བོད་ཀྱི་རྒྱལ་ས་ལྷ་ས། ཡུ་ནན་ཞིང་ཆེན་བཅས་བོད་ཀྱི་
ས་ཁུལ་དང་། ཤིང་ཅང་གཙོས་པའི་རྒྱ་ནག་གི་གྲོང་ཁྱེར་བརྒྱ་ལྷག་གི་ནང་བསྐོར་བསྐྱོད་བྱ་རྒྱུའི་
འཆར་གཞི་ཡོད་པ་རེད༎









