རྒྱ་ནག་གི་རྩེད་འགྲན་པས་མའོ་ཙེ་ཏུང་གི་མགོ་པར་བཏགས་པར་ཞིབ་འཇུག་བྱེད་བཞིན་ཡོད་འདུག

2021-08-04
Share
རྒྱ་ནག་གི་རྩེད་འགྲན་པས་མའོ་ཙེ་ཏུང་གི་མགོ་པར་བཏགས་པར་ཞིབ་འཇུག་བྱེད་བཞིན་ཡོད་འདུག རྒྱ་ནག་གི་རྩེད་འགྲན་པས་མའོ་ཙེ་ཏུང་གི་མགོ་པར་བྲང་ཁར་བཏགས་ཡོད་པ། ༨།༢།༢༡
Reuters

རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་གིས་རྒྱ་ནག་གི་རྩེད་འགྲན་པ་གཉིས་ཀྱིས་རྟགས་མ་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་མའོ་ཙེ་ཏུང་གི་མགོ་པར་བྲང་ཁར་བཏགས་པར་ཞིབ་འཇུག་བྱེད་བཞིན་ཡོད་འདུག
འདི་ཚེས་༤་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ཚོགས་ཆུང་གི་མགྲིན་ཚབ་པ་(Mark Adams)་ཡིས། ཉི་ཧོང་ནང་ད་ལྟ་ཚོགས་བཞིན་པའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་སྐབས། ཉིན་ཤས་སྔོན་གསེར་གྱི་རྟགས་མ་ཐོབ་མཁན་རྒྱ་ནག་གི་རྐང་འཁོར་རྒྱང་རྒྱུག་རྩེད་འགྲན་པ་(Bao Shanju)་དང་། (Zhong Tianshi)་གཉིས་ཀྱིས་རྒྱལ་ཁའི་རྟགས་མ་ལེན་སྐབས་བྲང་ཁར་མངོན་གསལ་དོད་པོ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དེ་སྔའི་འགོ་ཁྲིད་མའོ་ཙེ་ཏུང་གི་མགོ་པར་བཏགས་ཡོད་པའི་ཐད་ཞིབ་འཇུག་གནང་བཞིན་ཡོད་པ་དང་། རྒྱ་ནག་གི་རྩེད་འགྲན་ཚོགས་ཆུང་གི་ངོས་ནས་མ་འོངས་པར་གནས་ཚུལ་དེ་རིགས་མི་ཡོང་བའི་ཁས་ལེན་བྱས་སོང་ཞེས་འགྲེལ་བརྗོད་གནང་འདུག
ཡང་གོང་ཞུས་གནས་ཚུལ་ནང་དེ་ལྟབུའི་བྱ་སྤྱོད་ནི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་གྱི་སྒྲིག་གཞི་དང་ཡང་འགལ་གྱི་ཡོད་པ་བཀོད་འདུག
གཞན་ཨ་མི་རི་ཀའི་རྩེད་འགྲན་པའི་གྲས་ནས་དངུལ་གྱི་རྟགས་མ་ཐོབ་མཁན་(Raven Saunders)་གྱིས། གཟའ་ཉི་མའི་ཉིན་རྟགས་མ་ལེན་པའི་སྐབས་ལག་པ་གཉིས་གནམ་ལ་འཕྱར་ནས་ཀུར་རྟགས་བསྟན་པར་དེ་ནི་མི་རིགས་དང་སྤྱི་ཚོགས་དྲང་བདེན་མེད་པར་དབྱེ་འབྱེད་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་མཚོན་དོན་ཡིན་པ་སོགས་ཀྱི་གླེང་སློང་བྱུང་ཡོད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།