ཉི་འོང་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་གྲྭའི་བརྒྱུད་ཉི་འོང་མི་སེར་རྣམས་ལ་བོད་དོན་གོ་རྟོགས་གང་ལེགས་སྤེལ་ཐུབ་ཀྱི་འདུག་ཅེས། ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གསུངས་པ།
ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༦ ཉིན་ཉི་འོང་སྐུ་ཚབ་དོན་ཁང་གིས་ཟླ་ ༨ ནས་ ༡༠ བཅས་ཟླ་གསུམ་རིང་རེས་གཟའ་སྤེན་པ་འཆར་ཅན་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་གྲྭ་གོ་སྒྲིག་ཞུས་ཡོད་པ་དེ་བཞིན་མཇུག་སྒྲིལ་ཡོད་པ་དང་། ཉི་འོང་རྒྱལ་ཁབ་ཏུ་བོད་ཀྱི་སྐད་དང་རིག་གཞུང་གི་འཛིན་གྲྭ་དེ་བཞིན་གོ་སྒྲིག་ཞུས་པའི་དམིགས་ཡུལ་ནི། ཉི་འོང་དང་སོག་པོ་དེ་བཞིན་རྒྱ་རིགས་རྣམས་ལ་བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས། ཆོས་རིག་སྐོར་གོ་རྟོགས་སྤེལ་རྒྱུ་དང་མཉམ། བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་སྐོར་དྲིལ་བསྒྲགས་ཀྱི་གོ་སྐབས་བཟང་པོ་ཞིག་ཐོབ་ཆེད་དུ་ཡིན་ཞེས། ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གསུངས་ན། བོད་ཀྱི་སྐད་ཡིག་འཛིན་གྲྭ་དེའི་ནང་ཉི་འོང་ས་ཁུལ་འདྲ་མིན་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ནི། མ་འོངས་བོད་དང་རྒྱ་གར་ནང་ཕྱིན་ཏེ་བོད་མི་རྣམས་དང་སྐད་ཆ་བཤད་ཐུབ་ཆེད་དང་། ལྷག་པར་ནང་ཆོས་དེ་བཞིན་བོད་སྐད་ཐོག་སློབ་སྦྱོང་གནང་ཐུབ་ཆེད་རྨང་གཞིའི་འཛིན་གྲྭ་ལྟར་དུ་བཅར་གྱི་ཡོད་ཅིང་། འཛིན་གྲྭར་དངོས་སུ་མ་བཅར་བར་དྲྭ་ཐོག་བརྒྱུད་མཉམ་ཞུགས་གནང་མཁན་ཡང་མང་དག་ཅིག་ཡོད་པ་དང་ཚོགས་བཅར་བ་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐོར་རྒྱུས་ལོན་སློབ་གཉེར་བྱ་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཚུལ་གསུངས་ཡོད་པ། ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
ཉི་འོང་སྐུ་ཚབ་དོན་གཅོད་ནས་གོ་སྒྲིག་གནང་བའི་ཟླ་གསུམ་རིང་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་གྲྭའི་སྐབས་ དོན་ཁང་གི་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས་དང་། ཚེ་ལྷ་ལགས་རྣམ་གཉིས་ནས་ཀྱིས་ཚོགས་བཅར་བ་རྣམས་ལ་བོད་ཟས་རྩམ་པ་དང་། པག་གཡོ་སྟངས། དེ་བཞིན་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་སྐོར་སློབ་སྟོན་གནང་ཡོད་པ་དང་། འདི་ལོར་བོད་ཀྱི་སྐད་ཡིག་འཛིན་གྲྭའི་ནང་ཉི་འོང་དང་སོག་པོའི་མི་སེར་གྲངས་ ༡༤ ནས་མཉམ་ཞུགས་གནང་ཡོད་པ་རེད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།