ས་ག་ཟླ་བའི་སྐབས་མཚོ་པདྨ་ནས་ཉ་མང་པོ་ཤི་འདུག

2016-05-25
གློག་འཕྲིན།
མཆན།
Share
པར་བཀོད།
ས་ག་ཟླ་བའི་སྐབས་མཚོ་པདྨ་ནས་ཉ་མང་པོ་ཤི་བ། ༢༠༡༦།༥།༢༡
ས་ག་ཟླ་བའི་སྐབས་མཚོ་པདྨ་ནས་ཉ་མང་པོ་ཤི་བ། ༢༠༡༦།༥།༢༡
མཐུན་འགྱུར་པར་རིས།

ས་ག་ཟླ་བར་མཚོ་པད་མའི་ནང་གི་ཉ་རྣམས་ལ་ཟས་ཀྱི་སྦྱིན་པ་བཏང་དྲག་པའི་རྐྱེན་གྱིས་ཉ་མང་པོ་ཤི་ཡོད་འདུག
དེ་ཡང་ད་སྐབས་བོད་མི་གཙོས་པའི་ནང་པ་ཚོས་ད་ལོ་སྤྲེལ་ལོ་ཡིན་སྟབས་ཆོས་ཕྱོགས་ཀྱི་དགེ་བ་སྒྲུབ་རྒྱུར་འབད་བཞིན་ཡོད་ལ། དམིགས་བསལ་ས་ག་ཟླ་བའི་ཚེས་༡༤་དང་༡༥་ཉིན་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་ནང་ཡོད་པའི་ནང་པའི་གནས་མཆོག་མཚོ་པད་མའི་ནང་གི་ཉ་རྣམས་ལ་ཟས་ཀྱི་སྦྱིན་པ་བཏང་དྲག་པའི་རྐྱེན་གྱིས་ཉ་མང་པོ་ཤི་ཡོད་པ་རེད། ཁུལ་དེར་བཞུགས་མཁན་དཀོན་མཆོག་ཆོས་གྲགས་ལགས་ཀྱིས་ཉ་ཤི་རོ་རྣམས་ཕྱིར་བཏོན་བཞིན་པའི་སྐབས་ཀྱི་བརྙན་ཐུང་ཞིག་དྲ་ལམ་ཏུ་བསྒྲགས་ཡོད་པའི་ནང་ཁོང་གིས། མཚོ་པད་མའི་ཁུལ་དུ་གནས་བཞུགས་བོད་མི་གཙོས་པའི་ནང་པ་དང་། དེ་བཞིན་ས་གནས་གཞན་ནས་ཆེད་དུ་གནས་འཇལ་ལ་ཕེབས་མཁན་ཚོས་དགེ་བ་སྒྲུབ་ཆེད་མཚོ་པད་མའི་ནང་གི་ཉ་རྣམས་ལ་ཟས་ཀྱི་སྦྱིན་པ་ཚད་ལས་རྒལ་བ་བཏང་ཡོད་པ་དེ་དག་ཉ་རྣམས་ཀྱིས་ཟ་ཆེ་བའི་ཁར། ད་ལྟའི་དུས་སུ་མཚོ་པད་མའི་ཁུལ་དུ་གནམ་གཤིས་ཚ་པོ་ཡོད་སྟབས། སྦྱིན་པ་བཏང་བའི་ཟས་རིགས་ཕོན་ཆེན་མཚོའི་གཏིང་དུ་རུལ་ཏེ་དེ་དག་ལས་རྫས་རླངས་ཕྱུར་ཏེ་ཉ་རྣམས་ཤི་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
བརྙན་ཐུང་དེའི་ནང་ད་དུང་ཁོང་གིས། ང་ཚོས་ཉ་ལ་ཁ་ལག་མ་སྤྲད་རོགས་ཞེས་ཆེད་དུ་མཚོ་ཁར་མི་བཞག་ནས་བཀག་འགོག་བྱས་ཀྱང་། ཚང་མས་ཁ་ལ་མ་ཉན་སྟབས། ས་ག་ཟླ་བའི་ནང་ཉ་འདི་འདྲ་མང་པོ་ཤི་བ་རེད། ད་ལྟ་ང་ཚོས་བཏོན་བཞིན་པ་འདི་ཉ་གྲུ་གཟེངས་གཉིས་པ་དེ་རེད། ད་དུང་གྲུ་གཟེངས་བཅུ་ཡང་ན་བཅོ་ལྔ་ཞིག་ཡོད་ས་རེད། དེར་རྟེན་ནང་པ་ཚང་མས་དགོངས་པ་བཞེས་རོགས། འདི་ཡང་སྙིང་དགེ་བ་སྒྲུབ་བཞིན་པ་རེད་དམ། ཡང་ན་སྡིག་པ་བསགས་བཞིན་པ་རེད་ཅེས་གསུངས་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།