པ་ཀི་སི་ཐན་གྱི་དམག་མི་ས་མཚམས་སུ་འོར་འདྲེན་བྱེད་བཞིན་པ།

པ་ཀི་སི་ཐན་གྱིས་རྒྱ་གར་དང་དམག་འཐབ་བྱ་འདོད་མེད་པ་དང་འོན་ཀྱང་ཚུར་རྒོལ་འབྱུང་ཚེ་ཕར་ལན་སློག་རྒྱུ་ཡིན་སྐོར་བརྗོད་འདུག

2008.12.27

༄༅༎ཉེ་བའི་ཆར་པ་ཀི་སི་ཐན་གྱི་དཔུང་དམག་རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་ས་ཁུལ་ཁག་ཏུ་འོར་འདྲེན་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་ཕྱོགས་གཉིས་དབར་གྱི་ཛ་དྲག་གི་ཚོར་བ་ཞི་ཐབས་སུ་དམིགས་ཏེ་གཟའ་སྤེན་པའི་ཉིན་པ་ཀི་སི་ཐན་གྱིས་རྒྱ་གར་དང་དམག་འཐབ་བྱ་འདོད་མེད་པ་དང་འོན་ཀྱང་ཚུར་རྒོལ་འབྱུང་ཚེ་ཕར་ལན་སློག་རྒྱུ་ཡིན་སྐོར་བརྗོད་འདུག

གཟའ་པ་སངས་ཉིན་པ་ཀི་སི་ཐན་གྱི་གསང་བའི་ལས་དོན་གྱི་དཔོན་རིགས་ཚོས་པ་ཀི་སི་ཐན་གྱི་དཔུང་དམག་སྟོང་ཕྲག་མང་པོ་ཨཕ་ག་ནི་སི་ཐན་གྱི་ས་མཚམས་དང་རྒྱ་གར་གྱི་ས་མཚམས་སུ་འོར་འདྲེན་བྱེད་བཞིན་ཡོད་པ་དང་དེ་མཚུངས་དམག་མི་ཚོ་གནས་སྐབས་རིང་གུང་གསེང་དུ་འགྲོ་རྒྱུའི་དགོངས་ཞུ་མི་ཆོག་པའི་ཁྲིམས་གཞི་བཀོད་སྡོམ་བྱས་ཡོད་ལུགས་བརྗོད་ཡོད་པ་རེད། རྒྱ་གར་གཞུང་གིས་ཟླ་བ་སྔོན་མའི་ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་དྲག་སྤྱོད་ཀྱི་ལས་འགུལ་ཚབས་ཆེ་སྤེལ་མཁན་དེ་དག་པ་ཀི་སི་ཐན་ནས་ཡོང་བ་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་པ་ཀི་སི་ཐན་གཞུང་གིས་རྒྱ་གར་གྱི་ངོས་ནས་དེ་ལུགས་ཁུངས་སྐྱེལ་དཔང་རྟགས་དགོས་ལུགས་ནན་བརྗོད་བྱེད་བཞིན་ཡོད་པ་རེད། གཟའ་སྤེན་པའི་ཉིན་པ་ཀི་སི་ཐན་གྱི་སྲིད་བློན་སེ་ཡེརྡ་ཡུ་སཕ་ར་ཛ་ཇི་ལ་ནིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་གསུང་བཤད་གནང་པའི་སྐབས་ང་ཚོས་འཁྲུགས་རྩོད་བྱ་འདོད་མེད་ལ་དམག་འཐབ་ཀྱང་བྱ་འདོད་མེད།ང་ཚོའི་ངོས་ནས་ང་ཚོའི་ཁྱིམ་མཚེས་ཡུལ་གྲུ་དང་འཁོན་འཁྲུག་བྱ་འདོད་མེད་ཅེས་དང་འོན་ཀྱང་ང་ཚོའི་ཐོག་ཚུར་རྒོལ་ཇི་འདྲ་ཞིག་འབྱུང་ཡང་དེར་ཡ་ལན་སློག་རྒྱུར་ང་ཚོའི་དཔུང་དམག་ཚོ་གྲ་སྒྲིག་ཨང་གསར་ཡོད་ཅེས་གསུངས་འདུག གནད་དོན་དབྱེ་ཞིབ་པ་ཚོས་པ་ཀི་སི་ཐན་སྲིད་བློན་གྱི་གཏམ་བཤད་འདི་ནི་རྒྱ་གར་གྱི་ངོས་ནས་པ་ཀི་སི་ཐན་གྱི་ནང་ཡོད་པའི་འཇིགས་བསྐུལ་དྲག་སྤྱོད་པའི་རྟེན་གཞི་ཁག་ལ་གནམ་ཐོག་ནས་གཏོར་རྒོལ་བྱེད་ཚེ་དེར་ཡ་ལན་སློག་རྒྱུའི་རྣམ་འགྱུར་ཙམ་ལས་ཡུལ་གྲུ་གཉིས་དབར་སླར་ཡང་དམག་འཐབ་འབྱུང་སྲིད་ལུགས་ཀྱི་ཉེན་བརྡ་ཞིག་མིན་ལུགས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

ཨ་མི་རི་ཀའི་གཞུང་གིས་རྒྱ་གར་དང་པ་ཀི་སི་ཐན་དབར་གྱི་ཛ་དྲག་གི་ཚོར་བ་ཞི་ཐབས་གནང་བཞིན་པ་དང་དུས་མཚུངས་པ་ཀི་སི་ཐན་གྱི་ངོས་ནས་འཇིགས་བསྐུལ་དྲག་སྤྱོད་པ་ཚོའི་ཐོག་སྟངས་འཛིན་དམ་བསྒྲགས་བྱ་དགོས་པའི་གནོན་ཤུགས་ཀྱང་སྤྲོད་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎