པ་ཀི་སི་ཐན་གྱི་རྡུལ་ཕྲན་དོ་དམ་གྱི་དབང་ཆ་སྲིད་བློན་ལ་རྩིས་སྤྲོད།

པ་ཀིསི་ཐན་གྱི་རྡུལ་ཕྲན་གོ་མཚོན་ཐོག་དོ་དམ་གནང་བཞིན་པའི་རྒྱལ་ཡོངས་དམག་སྤྱིའི་དབང་ཚད་དེ་བཞིན་ཁ་ས་སྲིད་བློན་ལ་རྩིས་སྤྲོད་གནང་འདུག

2009-11-28
Share

༄༅༎པ་ཀིསི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་མཆོག་གིས་རྒྱལ་ཁབ་ཀྱི་རྡུལ་ཕྲན་གོ་མཚོན་ཐོག་དོ་དམ་གནང་བཞིན་པའི་རྒྱལ་ཡོངས་དམག་སྤྱིའི་དབང་ཚད་དེ་བཞིན་ཁ་ས་སྲིད་བློན་ཡུའུ་སུཕ་ར་ཛ་ཇི་ལ་ནི་ལ་རྩིས་སྤྲོད་གནང་འདུག། སྲིད་འཛིན་ཛར་རྡ་རི་དང་དེ་མིན་གཞུང་འཛིན་མི་སྣ་དང་སྲིད་དོན་པ་སྟོང་ཕྲག་མང་པོར་ལྐོག་ཟ་རུལ་སུང་གི་ཉེས་འཛུགས་ཡོད་པ་ཚོར་ཁྲིམས་དཔྱོད་བྱེད་མི་ཆོག་པའི་ཉེས་ཡངས་ཀྱི་དུས་ཚོད་དེ་དེ་རིང་རེས་གཟའ་སྤེན་པའི་ཉིན་གཙང་འགྲོ་གི་ཡོད་པ་རེད།  ཛར་ད་རི་ལ་སྲིད་འཛིན་གྱི་མཚན་གནད་ཡོད་པའི་རྐྱེན་གྱིས་ཁོང་ཐོག་ཁྲིམས་ཞིབ་བྱེད་ཆོག་གི་མེད་ནའང༌སྲིད་འཛིན་ཟུར་པ་དམག་སྤྱི་མུཤི་རཕ་སྐབས་སུ་སྲིད་འཛིན་ལ་ཉེས་པ་ཆག་ཡངས་གཏོང་རྒྱུའི་རྩ་ཚིག་བསྒྲགས་པ་དེར་པ་ཀིསི་ཐན་རྒྱལ་ཡོངས་གྲོས་ཚོགས་ཀྱི་གཞུང་འབྲེལ་གཏན་འབེབས་གནང་མེད་པར་བརྟེན་པ་ཀིསི་ཐན་གྱི་ཆེ་མཐོའི་ཁྲིམས་ཁང་ཆེན་མོས་ཛར་རྡ་རི་ལ་རྒྱལ་ཡོངས་དམག་སྤྱིའི་དབང་ཚད་འབུལ་རྒྱུ་དེ་འོས་འཚམས་ཡིན་མིན་རྩོད་པ་སྐྱོན་རྒྱུ་ཡིན་པ་རེད། ཛར་རྡ་རི་ལ་སྲིད་འཛིན་གོ་གནས་མ་ཐོབ་གོང་ནས་ལྐོག་ཟ་རུལ་སུང་གི་ནག་ཉེས་མང་པོ་ཞིག་བསག་ཡོད་པའི་སྐྱོན་འཛུགས་ཡོད་པར་བརྟེན། ཁོང་གིས་རྒྱལ་ཡོངས་དམག་སྤྱིའི་དབང་ཚད་བཟུང་རྒྱུ་ཡིན་པ་དེར་མང་པོ་ཞིག་གིས་བློ་མི་བདེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཛར་རྡ་རིའི་ལས་ཁུངས་ཀྱི་མགྲིན་ཚབ་མས་སྲིད་འཛིན་ཐོག་སྐྱོན་འཛུགས་ག་རེ་བྱེད་པ་ཡིན་ནའང་དེར་ཁ་གཏད་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཡོད་སྐོར་བརྗོད་དེ་སྐྱོན་འཛུགས་དེ་ཚོ་ཛར་རྡ་རི་ལ་སྡང་ཟུག་ཆེན་པོ་བྱེད་མཁན་གྱི་གཞུང་ཁག་གཉིས་ཀྱིས་བཙུགས་པའི་ནག་ཉེས་ཡིན་པ་མ་ཟད་སྲིད་འཛིན་ཙམ་མ་ཡིན་པར་དེ་མིན་གྱི་ཆབ་སྲིད་འགོ་ཁྲིད་གཞན་མང་པོ་ཞིག་ལའང་མིང་ཆད་བཟོ་རྒྱུའི་ཆབ་སྲིད་ཀྱི་བཀོད་བྱུས་ཤིག་ཡིན་སྐོར་བརྗོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།