རྒྱ་ནག་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བོད་ནང་ལྟ་སྐོར་དུ་བསྐྱོད་སྐབས་དགའ་བསུ་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་འདུག

2021.07.23
རྒྱ་ནག་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བོད་ནང་ལྟ་སྐོར་དུ་བསྐྱོད་སྐབས་དགའ་བསུ་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་འདུག རྒྱ་ནག་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བོད་ནང་ལྟ་སྐོར་དུ་བསྐྱོད་སྐབས། ༧།༢༠༢༡
བོད་འབྱོར།/RFA

རྒྱ་ནག་གིས་བསྐོ་བཞག་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་ཅིག་ནང་ལྟ་སྐོར་དུ་ཡོང་སྐབས་བོད་མི་ཚོས་དགའ་བསུ་བྱེད་དགོས་པ་འབྲེལ་ཡོད་ཚན་པས་བཙན་བཀའ་བཏང་ཡོད་འདུག
ཉེ་སྔོན་ཕྱི་ཟླ་༧་ཚེས་༡༢་ནས་བཟུང་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་རྒྱ་ནག་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དུ་ཆོས་ལུགས་ཀྱི་ཚོགས་འདུ་ཞིག་དང་བསྟུན། དཀར་མཛེས་དང་། རྔ་བ་འབར་ཁམས། མཛོད་དགེ ཁྱུང་མཆུ་སོགས་སུ་ལྟ་སྐོར་ལ་ཡོང་སྐབས་རྒྱ་ནག་གཞུང་གིས་བོད་མི་ཚོར་རྒྱལ་མཚན་ནོར་བུ་ངེས་པར་དགའ་བསུ་ཞུ་རུ་ཡོང་དགོས་པ་དང་། དེ་བཞིན་འགྲོ་ལམ་ཁག་ཏུ་འཁེལ་བའི་བོད་མི་ཚོར་གང་བྱུང་འགྲོ་འོང་དང་རླངས་འཁོར་སོགས་འགྲོ་སྐྱོད་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་གྲ་སྒྲིག་བྱས་པའི་དགའ་བསུ་ཞུ་མཁན་ཁག་ལས། གཞན་བོད་མི་སྤྱི་ནས་ནམ་རྒྱུན་བོད་ཀྱི་བླ་ཆེན་ཚོར་དྭང་དུ་བླང་ནས་མཇལ་ཁར་འགྲོ་བའི་རྣམ་པ་གང་ཡང་མེད་སྐོར་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་ཡིག་ཐོག་བརྒྱུད་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་བྱུང་།
དེའི་ཐད་ཨོ་གླིང་དུ་གནས་སྡོད་ཆབ་སྲིད་བཙོན་ཟུར་ཤེལ་དགེ་འདུན་ཚེ་རིང་ལགས་ནས། ཕ་ཡུལ་དུ་དངོས་སུ་འབྲེལ་བ་བྱས་ཏེ་གནས་ཚུལ་འགྲེལ་བརྗོད་བྱས་པར་གཞིགས་ན། རྒྱལ་མཚན་ནོར་བུ་ཡོང་སྐབས་དེ་ཁུལ་གྱི་དགོན་པ་ཁག་གི་བླ་ཆེན་རྣམས་ངེས་པར་ཁོང་ལ་ཕེབས་བསུ་དང་ཐུག་འཕྲད་ཆེད་ཡོང་དགོས་པའི་བཀའ་བཏང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

panchen-gyaltsen1.jpeg

བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། དེང་སང་རྒྱ་ནག་གཞུང་གིས་བོད་ནང་གི་བླ་མ་མང་པོ་ཞིག་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཆེད་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བལྟས་ན་མི་རིགས་སུ་འདྲ་ཞིག་ཡིན་ཡང་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་དང་རྩ་བའི་བླ་མ་འདེམས་རྒྱུའི་དབང་ཆ་དང་ཐོབ་ཐང་དེ་མི་རིགས་དེའི་མི་མང་ལ་ཡོད་པ་བརྗོད་བྱུང་།
ཐེངས་འདིར་རྒྱལ་མཚན་ནོར་བུ་རྔ་བ་འབར་ཁམས་དགོན་དང་རྨེའུ་སྦྲ་ཆེན་ཞིང་དང་མཛོད་དགེ་སྟག་ཚ་དགོན། བཞག་ལྡོམ་དགོན། དེ་བཞིན་གཟའ་རུ་དང་རྐྱང་ཚ་སོགས་སུ་ཁྱོན་ཉིན་གྲངས་ ༡༥ ་ལྷག་རིང་ལྟ་སྐོར་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༧་ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་དབང་ཆ་རྒྱ་ནག་གཞུང་ལ་ཡོད་སྐོར་བརྗོད་ནས་ཁྲིམས་སྒྲིག་མང་པོ་ཞིག་བཟོས་ཡོད་པ་ལྟར། ཕྱི་ལོ་༢༠༡༦་ལོ་ནས་རྒྱ་ནག་གཞུང་ནས་དྲ་ལམ་ཐོག་གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་བླ་སྤྲུལ་གྱི་མིང་གཞུང་ཐོ་བཀོད་ཀྱི་ལས་གཞི་འགོ་འཛུགས་བྱས་ཏེ། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གཙོས་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་རྒྱ་ནག་གཞུང་ལ་ཡོད་སྐོར་ཤུགས་ཆེར་བརྗོད་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་བླ་སྤྲུལ་ཁག་ལ་ཆེ་བསྟོད་ཞུ་བཞིན་མེད་པ་ཡོང་གྲགས་ཡིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ། འཕགས་སྒྲོན།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎