གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་ཡང་སྲིད་མཆོག་དགུང་ལོ་སུམ་ཅུར་ཕེབས་པ།

2019-04-25
གློག་འཕྲིན།
མཆན།
Share
པར་བཀོད།
བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི། ༢༠༡༩།༤།༢༥
བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི། ༢༠༡༩།༤།༢༥
གདན་ས་བཀྲ་ཤིས་ལྷུན་པོ།/FB

བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་གཙོས་བོད་མི་གནས་སྡོད་ས་གནས་གང་སར་པཎ་ཆེན་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་གནང་འདུག
༧པཎ་ཆེན་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་༣༠ལ་ཕེབས་པའི་འཁྲུངས་སྐར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་གྱི་ཐོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ཟླ་༤པའི་ཚེས་༢༥ཉིན་སྲུང་བརྩི་ཞུས་ཤིང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་ནག་གཞུང་གིས་ཆོས་ལ་ཐེ་བྱུས་བྱས་པ་ནི་ནོར་འཁྲུལ་ཡིན་པ་དང་། མ་འོངས་པར་རྒྱ་ནག་གཞུང་ལ་བླ་མའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ནང་ཐེ་བྱུས་བྱེད་པའི་ཐོབ་ཐང་རྩ་བ་ནས་མེད་པ་གསུངས་འདུག
ད་དུང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཆུང་སྲིད་རིན་པོ་ཆེ་རྒྱ་ནག་གཞུང་གིས་ངེས་པར་གློད་གྲོལ་གཏོང་དགོས་པ་དང་། རང་དབང་ཆ་ཚང་གི་ཐོག་ནས་ཆོས་ཕྱོགས་ཀྱི་མཛད་པ་དང་། བོད་མིའི་ཆོས་རིག་སྐད་ཡིག་དང་བཅས་པར་སྐུ་ཐོག་གོང་མའི་མཛད་པ་ལྟར་ཡོང་རྒྱུར། སྨོན་ལམ་དང་རེ་བ་ཡོད་པ་གསུངས་ཡོད་པ་རེད།
དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེར་ཡོངས་ཁྱབ་ཀྱི་འཁྲུངས་སྐར་འཚམས་འཕྲིན་ཞིག་གནང་ཡོད་པ་དེའི་ནང་། ཁྱེད་ཀྱི་ཐབས་སྡུག་གི་གནས་སྟངས་འདིས་རྒྱ་ནག་གཞུང་གིས་བོད་རྒྱ་ནག་ཅན་དུ་བསྒྱུར་བ་དང་བོད་པའི་ཆོས་དང་སྤྲུལ་སྐུའི་ཡང་སྲིད་ཀྱི་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་ཐབས་བྱེད་བཞིན་པ་དེ་མཚོན་པ་ཞིག་རེད་ཅེས་དང་། ཆོས་དུག་ཏུ་ངོས་འཛིན་མཁན་དང་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་བདུད་དུ་བལྟ་མཁན། བོད་ནང་གི་དགོན་སྡེ་ཁག་ལ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་ཕྱག་མཆོད་བྱེད་དུ་འཇུག་མཁན་རྒྱ་ནག་དམར་ཤོག་ཚོགས་པས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུ་བའི་ཐོབ་ཐང་ཁོང་ཚོར་ཡོད་ལུགས་བརྗོད་བཞིན་ཡོད་ཀྱང་། ཉེ་ཆར་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཨེ་ཤེ་ཡའི་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་ཀོ་རི་གརཌ་ནཱར་གྱིས་རྒྱ་ནག་གཞུང་ལ་རྒྱ་ནག་གཞུང་གིས་བསྐོ་བཞག་བྱེད་པའི་ཏཱ་ལའི་བླ་མ་ཞིག་ལ་ཨ་མི་རི་ཀས་དུས་ནམ་ཡང་ངོས་ལེན་བྱེད་རྒྱུ་མིན་པ་དེ་གསལ་པོར་བརྗོད་རྒྱུ་ཡིན་ཞེས་གསུངས་པ་ལུང་འདྲེན་གནང་ཡོད་པ་རེད།
ཕྱི་ཚེས་ ༢༥ ཉིན་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ས་གནས་མང་པོའི་བེུད་ཚོགས་པ་ཁག་སོ་སོས་རང་རང་གནས་ཡུལ་གྱི་གྲོང་ཁྱེར་ཆེ་ཁག་ནང་པཎ་ཆེན་རིན་པོ་ཆེ་གང་མྱུར་གློད་གྲོལ་དགོས་པ་དང་མང་ཚོགས་ལ་པཎ་ཆེན་རིན་པོ་ཆེའི་གནས་སྟངས་དྲིལ་བསྒྲགས་བྱེད་ཆེད་གོམས་བགྲོད་ཀྱིས་ལས་འགུལ་སྤེལ་ཡོད་ཅིང་། རྡ་རམ་ས་ལའི་བེུད་གོམས་བགྲོད་པ་རྣམས་རྡ་ས་ནས་ལྡི་ལི་བར་གོམས་བགྲོད་གནང་རྒྱུ་ཡིན་འདུག
ཡང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་ཆེ་བ་ཞིག་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་སུ་ཡོད་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་གནང་ཞིང་། བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་རྣམ་གཉིས་ཆེད་ཕེབས་གནང་འདུག
ཆོས་སྡེ་བཀྲིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས། ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གར་སོང་ཆ་མེད་ལ་གྱུར་བའི་གནད་དོན་དེས་དོན་དངོས་ཐོག་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་དུ་བཏང་བ་གསལ་པོར་མཚོན་ཐུབ་པ་གསུངས་ཡོད་པ་རེད།
ཡང་རྒྱ་གར་བྱང་ཤར་སྒང་ཏོག་ས་གནས་སུ་སྒང་ཏོག་ནས་ནུབ་བྷང་གྷེལ་གྲོང་ཁྱེར་ས་ལུ་སྒ་རའི་བར་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཞིང་། བལ་ཡུལ་ས་གནས་ནས་བེུད་ཁག་གཅིག་སྒང་ཏོག་གི་བེུད་ལྷན་ཚོགས་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་འཆར་ཡོད་འདུག་ན་ཡང་།  འགྲིམ་གྲུལ་ཡིག་ཆ་མ་འགྲིག་པའི་དབང་གིས་བྱེད་ཐུབ་མེད་པ་ཡིན་འདུག བལ་ཡུལ་ནང་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ལ་སོགས་པ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་འདུ་འཛོམས་སོགས་བྱེད་དུ་འཇུག་གི་མེད་པ་ལྟར་འདི་ལོ་ཡང་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུ་ཐུབ་མེད་པ་རེད།
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཚོགས་ཆུང་གི་ཚོགས་གཙོ་སྦྲེལ་པོ་སྐུ་ཞབས་ཇིམ་མེཀ་གྷོ་ཝཱརན་མཆོག་གིས་པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བ་དང་བསྟུན། རྒྱ་ནག་གཞུང་གི་ངོས་ནས་པཎ་ཆེན་རིན་པོ་ཆེ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་གྲོལ་དགོས་པ་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་འགྲོ་བ་ཀུན་གྱི་ཆོས་དད་རང་དབང་ལ་སྲུང་བརྩི་དགོས་པའི་རྒྱལ་སྤྱིའི་ཁྲིམས་དོན་ལ་བརྩི་བཀུར་དགོས་པ་གསུངས་ཡོད་པ་རེད།
ཡང་སུད་སི་ནང་བོད་མི་ཚོས་ཛུ་རིཀ་གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་པཎ་ཆེན་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་དང་བསྟུན་ད་ལྟའི་གནས་སྟངས་དྲིལ་བསྒྲགས་ཆེད་རྡ་རམ་ས་ལ་ནས་སྦག་སྦག་སྐོར་བསྐྱོད་ལས་འགུལ་བ་རྣམས་ཚེས་༢༥་ཉིན་ལྡི་ལིར་འབྱོར་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།