རྒྱ་ནག་གིས་བསྐོ་བཞག་བྱས་བའི་པཎ་ཆེན་ལྷ་སར་བསྐྱོད་ཀྱང་ས་གནས་བོད་མི་ཚོས་གོ་ཐོས་བྱུང་མི་འདུག


2020.08.05
རྒྱ་ནག་གིས་བསྐོ་བཞག་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་པེ་ཅིང་གི་སྲིད་གྲོས་ཐོག ༢༠༢༠།༥།༢༧ རྒྱ་ནག་གིས་བསྐོ་བཞག་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་པེ་ཅིང་གི་སྲིད་གྲོས་ཐོག ༢༠༢༠།༥།༢༧
AP

རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་ལྷ་སའི་ཇོ་ཁང་དུ་མཆོད་མཇལ་སོགས་བྱས་ཡོད་ལུགས་རྒྱ་ནག་གཞུང་གིས་བསྒྲགས་ཡོད་ཀྱང་ས་གནས་མང་ཚོགས་ཀྱིས་གོ་ཐོས་བྱུང་མི་འདུག
རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཉེ་ཆར་སླར་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་དུ་སོང་ནས་མཆོད་མཇལ་སོགས་བྱས་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་བསྒྲགས་ཡོད་ཀྱང་། དེའི་ཐད་ས་གནས་མང་ཚོགས་ཀྱིས་གོ་ཐོས་བྱུང་མི་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་ཀྲུང་གོ་བོད་ལྗོངས་དྲ་བ་ཟེར་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཚོགས་མི་དང་། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱ་ནག་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་གོ་གནས་ཡོད་པ། རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་༡༡་པར་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ། ཉེ་ཆར་སྤྱི་ཟླ་༨་ཚེས་༣་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མཇལ་དུ་སོང་ནས་ཕྱག་མཆོད་འབུལ་དང་ཞལ་འདོན། དེ་བཞིན་འཛམ་གླིང་ཞི་བདེ་དང་རྒྱལ་ཁབ་དར་རྒྱས་མི་དམངས་བདེ་སྐྱིད་ཡོང་བའི་སྐྱབས་འཇུག་ཞུས་ཡོད་སྐོར་བསྒྲགས་འདུག་ལ། ཡང་གནས་ཚུལ་ནང་སྐབས་དེར་གཙུག་ལག་ཁང་གི་དགེ་འདུན་པ་ཚོས་ཆོས་ལུགས་ཀྱི་ཆོ་ག་ལྟར་པཎ་ཆེན་རྒྱལ་མཚན་ནོར་བུར་ཕེབས་བསུ་བྱས་ཡོད་ལུགས་སོགས་བཀོད་འདུག
དེའི་ཐད་སྤྱི་ཚེས་༥་ཉིན་འདི་ག་རླུང་འཕྲིན་ཁང་ནས་བོད་ནང་གནས་ཚུལ་རྒྱུས་ལོན་བྱས་པའི་སྐབས་སུ། ལྷ་སའི་ས་གནས་མང་ཚོགས་རྣམས་ཀྱིས་དེའི་ཐད་གོ་ཐོས་ཅི་ཡང་མེད་སྐོར་འགྲེལ་བརྗོད་གནང་གི་འདུག་ཅིང་། དེ་ཡང་དེ་དག་གི་གྲས་ནས་ལྷ་སའི་བོད་མི་རྒན་གྲས་ཞིག་གིས་གསུང་ན། ཉེ་སྔོན་ཏོག་གསར་རིམས་ནད་ཀྱི་རྐྱེན་པས་ཇོ་ཁང་དང་བར་སྐོར་སྒོ་རྒྱབ་པའི་རྗེས་ཡང་བསྐྱར་སྒོ་ཕྱེས་པ་ནས་བཟུང་། བར་སྐོར་ལ་སྔ་སྔོའི་ཆུ་ཚོད་བརྒྱད་པ་ནས་དགོང་མོའི་ཆུ་ཚོད་བརྒྱད་པ་བར་མ་གཏོགས་འགྲོ་མི་ཆོག་པར་སྒོ་རྒྱག་གི་འདུག་པས། ནམ་རྒྱུན་ནས་དམ་དྲག་ཆེན་པོ་རེད་ལ། ཉིན་ཤས་གོང་ཉེན་རྟོག་པ་སོགས་ཇེ་མང་དུ་སོང་ནས་དམ་དྲག་ཆེ་རུ་བཏང་འདུག་པས་དེ་དུས་ཡོང་ཡོད་ཀྱི་རེད། ང་ཚོས་ནི་ཅང་གོ་མ་སོང་། མ་གཞི་ནས་རྒྱ་ནག་གི་པཎ་ཆེན་ཡིན་ན་ཡོང་གི་ཡོད་པ་གོ་ན་ཡང་མཇལ་མཁན་གནས་སྟངས་ཧ་མི་གོ་མཁན་རེ་ཟུང་ལས་ཡོད་ཀྱི་མ་རེད་ཅེས་གསུང་བྱུང་།
ཉེ་བའི་ལོ་འདི་དག་གི་རིང་རྒྱ་ནག་གཞུང་གིས་ཁོ་རང་ཚོས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལྷ་ས་གཙོས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་ཞིང་འབྲོག་ས་ཁུལ་དང་། དགོན་སྡེ་ཁག་ཏུ་ཡང་སེ་སྐོར་བསྐྱོད་དུ་གཏོང་གི་ཡོད་པ་དེའི་ཐོག་ནས་པཎ་ཆེན་རྒྱལ་མཚན་ནོར་བུར་བོད་མི་དམངས་ནས་ངོས་ལེན་ཐོབ་ཚད་ལ་རྒྱ་ནག་གཞུང་འདོད་པ་ཁེངས་ཀྱི་མེད་པ་གསལ་པོ་མཚོན་གྱི་ཡོད་ཅེས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་རྒྱ་ནག་དང་བོད་ཀྱི་སྲིད་ཇུས་ཐད་ཀྱི་ཉམས་པ་བསྟན་འཛིན་ཚེ་བརྟན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་སྐབས་གསུང་བྱུང་།
ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་པཎ་ཆེན་རྒྱལ་མཚན་ནོར་བུ་བསྐོ་བཞག་བྱས་པའི་སྐབས་སུ་བོད་མིའི་བློ་ངོར་མི་ཤོང་བའི་རྨ་ཁ་བཟོས་ཡོད་པ་ནི། སྐབས་དེར་གནས་ཚུལ་ངོས་སུ་བརྒྱུད་མྱོང་མཁན་ཨ་ཀྱ་རིན་པོ་ཆེ་མཆོག་གི་ཕྱག་དེབ་ནང་གསལ་པོ་འཁོད་ཡོད་ཅེས་དང་། དེར་བརྟེན་རྒྱ་ནག་གཞུང་གིས་ཁོ་རང་ཚོས་བསྐོ་བཞག་བྱས་པའི་པཎ་ཆེན་ལ་བོད་མི་དང་རྒྱལ་སྤྱིའི་ངོས་ལེན་ཐོབ་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། དེ་ལྟར་བྱེད་དགོས་དོན་ནི་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་ཐད་བེད་སྤྱོད་ཡོང་ཐབས་ཀྱི་ཆེད་དུ་རེད་ཟེར།
སྤྱི་ལོ་༡༩༩༥་ལོར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་པཎ་ཆེན་སྐུ་ཕྲེང་༡༠་པའི་ཡང་སྲིད་དུ། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངོས་འཛིན་མཛད་ནས་ཉིན་ཁ་ཤས་ཀྱིས་རྗེས་སུ། རྒྱ་ནག་གཞུང་གིས་ཆུང་སྲིད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ནང་མི་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་པ་དང་དུས་མཚུངས། རྒྱ་ནག་གཞུང་གིས་ངོས་ནས་རྒྱལ་མཚན་ནོར་བུ་པན་ཆེན་སྐུ་ཕྲེང་༡༡་པར་བསྐོ་བཞག་བྱས་ནས། དེང་སྐབས་ཁོང་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁག་ཏུ་བཏང་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་སྤེལ་བཅུག་གི་ཡོད་པ་རེད། འོན་ཀྱང་༧གོང་ས་མཆོག་གིས་ངོས་འཛིན་མཛད་པའི་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་མི་ངོ་༣༠་ལྷག་འགྲོ་བཞིན་ཡོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་མཉམ་ཁོང་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎