མོན་གྷོ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་དོན་དྲིལ་བསྒྲགས་ཆེད་ཞི་བའི་གོམ་བགྲོད་གནང་བཞིན་འདུག
ཟླ་བ་འདིའི་ཕྱི་ཟླ་༦་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ལྷན་ཚོགས་དེའི་ཚོགས་མི་༢༢་ཙམ་གྱིས་འདི་ལོ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༥བ་སླེབས་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ནང་སྡུག་རྩུབ་དྲག་གནོན་བྱེད་བཞིན་པའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་གཞུང་གིས་ཁམས་སྡེ་དགེ་ཁུལ་དུ་ཆུ་མཛོད་གློག་ཁང་གསར་སྐྲུན་གྱི་ལས་གཞི་ལ་མི་འདོད་པའི་ཞུ་འབོད་དང་ཞི་རྒོལ་བྱེད་མཁན་བོད་མི་ཚོ་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་གློད་གྲོལ་ཡོང་ཆེད་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་(Bengaluru)་གྲོང་ཁྱེར་ནས་ལྷོ་ཕྱོགས་མེའི་སོར་(Mysore)་གྲོང་ཁྱེར་བར་རྒྱང་ཐག་སྤྱི་ལེ་༡༥༠་ཙམ་བར་བདུན་ཕྲག་གཅིག་རིང་བོད་དོན་དྲིལ་བསྒྲགས་ཆེད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འགོ་ཚུགས་སོང་།
དེའི་ཐད་མོན་གྷོ་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ཆོས་ཉིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལྟར་ན། ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་སྦེང་ལོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་ནི་རན་ཇན་ལགས་ཀྱིས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སོ་སོར་དམིགས་ཡུལ་ངེས་ཅན་ཡོད་པ་ལྟར། བོད་མི་ཞི་བའི་གོམ་བགྲོད་པ་ཚོས་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་དྲག་གནོན་བྱེད་བཞིན་པ་འགོག་ཐབས་དང་། བོད་ལ་རང་དབང་ཐོབ་ཆེད་ཡིན་དུས་ང་ཚོས་དེའི་ཐོག་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུང་གནང་པ་དང་། ཕྱོགས་མཚུངས་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་བོད་མིའི་དྲང་བདེན་དང་འཚེ་མེད་ཞི་བའི་འཐབ་རྩོད་སྐོར་གྱི་ལས་འགུལ་འདི་སྤེལ་བ་བརྒྱུད་རྒྱ་གར་མང་ཚོགས་ལ་གོ་རྟོགས་སྤེལ་ཏེ་རྒྱ་གར་མང་ཚོགས་ནས་རྒྱབ་སྐྱོར་གང་མང་ཐོབ་རྒྱུའི་ཡིད་ཆེས་ཡོད་སྐོར་གསུང་གནང་འདུག
སྐབས་དེར་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བསོད་ནམས་དབྱངས་ཅན་ལགས་ཀྱིས་གསུངས་ན། བོད་ནང་རྒྱ་གཞུང་གིས་དྲག་གནོན་བྱེད་བཞིན་པ་སྤྱི་དང་། ལྷག་པར་དུ་ཉེ་ཆར་ཁམས་སྡེ་དགེ་ཁུལ་གྱི་ཛ་དྲག་གནས་སྟངས་ཀྱི་བརྙན་ཐུང་ཁག་མཐོང་སྐབས་བཟོད་ཐབས་བྲལ་བའི་རྒྱུ་མཚན་གྱིས་ད་རེས་བོད་དོན་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་གལ་ཆེར་མཐོང་ཏེ་མཉམ་ཞུགས་བྱས་པ་ཡིན་ཞེས་བརྗོད་བྱུང།
མོན་གྷོ་འདོད་རྒུ་གླིང་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་འདི་ཚེས་༡༢་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་དུས་དྲན་ཐེངས་༦༥་ཉིན་མོར་མེའི་སོར་གྲོང་ཁྱེར་དུ་མཇུག་སྒྲིལ་གནང་གི་ཡོད་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།