ཞི་བའི་གོམ་བགྲོད་པ་གསུམ་པོ་ལྡི་ལིར་འབྱོར་ནས་རྒྱ་ནག་གཞུང་ཚབ་ལ་རེ་ཞུ་བྱས།


2020.10.09
ཞི་བའི་གོམ་བགྲོད་པ་གསུམ་པོ་ལྡི་ལིར་འབྱོར་སྐབས། ༡༠།༨།༢༠༢༠ ཞི་བའི་གོམ་བགྲོད་པ་གསུམ་པོ་ལྡི་ལིར་འབྱོར་སྐབས། ༡༠།༨།༢༠༢༠
བློ་བཟང་།/RFA

བོད་དོན་ཆེད་ཞི་བའི་གོམ་བགྲོད་པ་གསུམ་པོ་ལྡི་ལིར་འབྱོར་ནས་རྒྱ་ནག་གཞུང་ཚབ་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་གཉིས་ལ་དོན་ཚན་གསུམ་ཡོད་པའི་རེ་ཞུའི་སྙན་ཞུ་འབུལ་འདུག
རྒྱ་གར་བྱང་ཕྱོགས་ཀུ་ལུ་མ་ན་ལིར་གནས་སྡོད་ཚེ་རིང་དབང་འདུས་ལགས་གཙོས་བོད་མི་གསུམ་གྱིས་བོད་དོན་ཆེད། སྤྱི་ཟླ་༩ ཚེས་༢༣ ནས་འགོ་འཛུགས་ཀྱིས་མ་ན་ལི་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་བྱས་ནས་འདི་ཚེས་༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་དང་། ཚེས་༩ ཉིན་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་སུ་ཞུ་སྙན་ཁག་གཅིག་སྤྲད་འདུག  དེའི་ནང་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕེབས་འཇུག་དགོས་པ་དང་། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དབར་ཞི་བའི་གྲོས་མོལ་བྱེད་དགོས། པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་དོན་ཚན་གསུམ་འཁོད་འདུག་
གོམ་བགྲོད་གནང་མཁན་ཚེ་རིང་དོན་འགྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་ལན་གྱི་ཞི་བའི་གོམ་འགྲོད་འདི་འདྲ་ཞིག་བྱེད་དགོས་དོན་ཡང་། འཛམ་གླིང་ཤར་ནུབ་ཡུལ་གྲུ་ཚང་མས་རྒྱ་ནག་གི་བྱ་ངན་ལ་ཁ་གཏད་གཅོག་བཞིན་པའི་སྐབས་འདིར། བོད་པ་མི་རེ་ངོ་རེས་གོ་སྐབས་དམ་འཛིན་དགོས་པ་གལ་ཆེན་པོ་དང་དུས་ཚོད་བཟང་པོ་ཞིག་མཐོང་བས་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཐོག་མའི་ཆར་ལས་འགུལ་ནང་མ་ན་ལིའི་གནས་སྡོད་ཚེ་རིང་དབང་འདུས་ལགས་དང་། ཚེ་རིང་དོན་གྲུབ་ལགས། ཆུང་བདག་ལགས་གསུམ་ནས་འགོ་བཙུགས་ཡོད་ཀྱང་། ལམ་བར་ནས་ཆུང་བདག་གི་རྐང་པར་ཆུ་བུར་བརྡོལ་ཏེ་གོམ་འགྲོད་བྱེད་ཐུབ་མ་ཐུབ་པར་བརྟེན། ཅན་དི་སྒར་ནས་ཁུལ་དེར་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་བསྟན་འཛིན་ཉི་མ་ལགས་མཉམ་ཞུགས་ཀྱིས་ལྡི་ལི་བར་གོམ་འགྲོད་གནང་ཡོད་འདུག
གོམ་འགྲོད་པ་གསུམ་པོ་ལྡི་ལིར་འབྱོར་མཚམས་ལྡི་ལིའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་ནང་ཕེབས་བསུའི་མཛད་སྒོ་དང་མཇལ་དར་སྒྲོན་འབུལ་སོགས་བྱས་འདུག་ཅིང་། ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་བཅར་སྐབས་ད་རེས་ཀྱི་ལས་འགུལ་ནང་གོམ་འགྲོད་པ་གསུམ་དང་། ལྡི་ལི་བོད་སྒར་བསམ་ཡས་གླིང་གི་གཞིས་འགོ་དང་། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པའི་མི་སྣ་ཡང་མཉམ་ཞུགས་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎