པདྨ་ཚེ་བརྟན་ལགས་སུ་འཁྲབ་གཞུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག

པདྨ་ཚེ་བརྟན་ལགས་སུ་འཁྲབ་གཞུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག

པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན༼ལག་དམར༽ལ་ཨེ་ཊ་ལིའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་འཁྲབ་གཞུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག

༄༅། །བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསར་བ༼ལག་དམར༽ལ་ཡུ་རོབ་ཨེ་ཊ་ལིའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་དོན་ལྔ་བའི་སྟེང་འཁྲབ་གཞུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་རེད། དེ་ཡང་སྤྱི་ཟླ ༩ པའི་ཚེས ༨ ཉིན་སྤེལ་བའི་ཨེ་ཊ་ལིའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས ༧༥ བའི་མཐའ་མའི་རྟིང་རྩོད་འགྲན་བསྡུར་ཁྲོད་ལག་དམར་ལ་འཁྲབ་གཞུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་རེད། ལོ་གསུམ་གྱི་སྔོན་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན༼ཐར་ལོ༽ཞེས་པ་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་ཡོད་པ་རེད།

གློག་བརྙན༼ལག་དམར༽འཁྲབ་ས་ནི་ཁམས་ས་ཁུལ་དང་། གློག་བརྙན་གྱི་སྐད་ཆ་ཁམས་སྐད་ཡིན་ཞིང་། འཁྲབ་སྟོན་པ་དག་ནི་བོད་ཡུལ་ཆོལ་ཁ་གསུམ་པོའི་འཁྲབ་སྟོན་པ་མཉམ་ཞུགས་གནང་ཡོད་པ་དང་། དེ་ཡང་འཁྲབ་རྩལ་ལ་བྱང་ཆ་ལྡན་ཞིང་སྒྱུ་རྩལ་གྱི་བློ་སྦྱོང་མངའ་བའི་འཁྲབ་སྟོན་པ་སྤྱིན་པ་དང་། དགེ་འདུན་ཕུན་ཚོགས། བསོད་ནམས་དབང་མོ་སོགས་ཡོད་པ་རེད།

གློག་བརྙན༼ལག་དམར༽གྱི་འཁྲབ་གཞུང་ནི་པདྨ་ཚེ་བརྟན་རང་ཉིད་ཀྱི་སྒྲུང་གཏམ༼ལུག་གཅིག་ལྔ་ལམ་དུ་བརྫངས་པ༽ ཞེས་པ་དང་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་གཏམ༼ལག་དམར༽གཉིས་མཉམ་བསྲེས་སྒོས་བཅོས་སྒྲིག་བྱས་པ་ལས་གྲུབ་པ་ཞིག་ཡིན་ལ། གློག་བརྙན་ནང་གཙོ་བོ་ཤ་འཁོན་ལེན་པའི་དོན་རྐྱེན་ཞིག་ལ་གཞི་བཅོལ་སྟེ། སྡིག་བཤགས་དང་བློས་གཏོང་གི་བསམ་བློ་དང་འབྲེལ་བའི་ཤར་ཕྱོགས་པའི་ལྐོག་གྱུར་ཉམས་འགྱུར་གྱི་གཏམ་རྒྱུད་ཅིག་ཡིན།

གསར་འགོད་པ་སྟག་ལྷ་རྒྱལ།