ཨ་རིའི་མི་སེར་སྤེན་པ་ཚེ་རིང་ཕྱིར་འབུད་བྱེད་དོན་ཨ་རིའི་གཞུང་གིས་རྩད་གཅོད།


2019.06.27
བལ་ཡུལ་གྱི་རྒྱལ་སའི་གཞུང་ལམ། ༢༠༡༥ བལ་ཡུལ་གྱི་རྒྱལ་སའི་གཞུང་ལམ། ༢༠༡༥
Lhuboom/RFA

བལ་ཡུལ་གཞུང་གིས་ཨ་རིའི་མི་སེར་བོད་མི་སྤེན་པ་ཚེ་རིང་མིང་ཅན་ཕྱིར་འབུད་བྱེད་དོན་གསལ་བཤད་དགོས་པ་ཨ་རིའི་གཞུང་ཚབ་ཁང་གིས་རྩད་གཅོད་དང་དགོས་འདུན་བཏོན་འདུག
བལ་ཡུལ་ནང་གི་ཨ་རིའི་གཞུང་ཚབ་ཁང་གིས་ཉིན་ཤས་སྔོན་བལ་ཡུལ་གཞུང་གིས་ཨ་རིའི་མི་སེར་ཡིན་པ་སྤེན་པ་ཚེ་རིང་ཟེར་བ་ཞིག་ཕྱིར་འབུད་བྱེད་དོན་ཐད་གསལ་བཤད་དགོས་པ་བལ་ཡུལ་གཞུང་ལ་དགོས་འདུན་བཏོན་ཡོད་འདུག
བལ་ཡུལ་གྱི་(the Kathmandu post)་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་ཚབ་ཁང་གིས་བལ་ཡུལ་ཕྱི་སྲིད་ལས་ཁུངས་ལ་བལ་ཡུལ་གཞུང་གིས་ཨ་རིའི་མི་སེར་ཞིག་ཕྱིའི་རྒྱལ་ཁབ་ཞིག་གི་རེ་འདུན་བཏོན་པ་ལྟར་ཕྱིར་འབུད་བཏང་པར་བློ་འཚབ་ཡོད་ལུགས་བརྗོད་ཡོད་པ་བལ་ཡུལ་ནང་གི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་གསར་ཁང་དེར་གསུངས་འདུག་ཅིང་། ཁོང་གིས་ང་ཚོས་བལ་ཡུལ་གཞུང་ལ་ཨ་རིའི་མི་སེར་བྱེ་བྲག་པ་དེ་ཕྱིར་འབུད་བཏང་པ་འབྲེལ་ཆགས་ཀྱི་གནད་དོན་ཐད་གསལ་བཤད་དགོས་པ་དང་། ལྷག་པར་དུ་བལ་ཡུལ་ནང་ཨ་རིའི་མི་སེར་འཛུལ་ཞུགས་ཆོག་མིན་ཕྱིའི་རྒྱལ་ཁབ་གཞན་ཁག་གི་བཀའ་ཁྲོལ་ཡོད་མིན་ལ་རྟེན་དགོས་མིན་འདྲི་རྩད་བྱས་ཡོད་ཅེས་གསུངས་འདུག
བལ་ཡུལ་གཞུང་གིས་ཕྱི་ཟླ་ ༦ ཚརས་༢༢་ཉིན་ཨ་རིའི་མི་སེར་ཡིན་པ་སྤེན་པ་ཚེ་རིང་ཟེར་བའི་མི་ཞིག་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས་དོ་དམ་འདྲི་ཞིབ་བྱས་རྗེས་ཕྱིར་འབུད་བྱས་ཡོད་ཅིང་། ཀཐ་མཱན་ཌུ་པོསྀཊ་(the Kathmandu post)་ནང་གནས་ཚུལ་བཀོད་པར་གཞིགས་ན། བལ་ཡུལ་གཞུང་གིས་སྤེན་པ་ཚེ་རིང་ཟེར་བ་ཕྱིར་འབུད་བྱས་པའི་མི་དེ་བོད་མི་དམངས་སྤྱི་འཐུས་ཚོགས་ཟུར་དང་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཡིན་པར་ངོས་འཛིན་ནོར་པ་བྱུང་བ་ཡིན་འདུག་ཅིང་། ལྷག་པར་དུ་ཉིན་དེར་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་དུ་ཕྱི་མི་གཞིས་སྤོས་ལས་ཁུངས་ཀྱི་ལས་བྱེད་པ་གཞོན་གྲས་གཉིས་ཀྱིས་གནས་ཚུལ་བྱུང་བ་ཁག་ཞིབ་ཕྲ་གསར་ཁང་དེར་མཁོ་སྤྲོད་བྱས་འདུག་པ་དེའི་ནང་། སྤེན་པ་ཚེ་རིང་ཟེར་བ་ཨ་རིའི་མི་སེར་དེ་བལ་ཡུལ་གནམ་ཐང་དུ་འབྱོར་མ་ཐག་དོ་སྣང་བྱེད་དགོས་པའི་མི་སྣ་ཞིག་ཏུ་གྱུར་བ་དང་། དེ་འཕྲལ་གུ་གྷལ་(Google)་ཐོག་གནས་ཚུལ་འཚོལ་ཞིབ་བྱས་ཤིང་། མིང་དེའི་འོག་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་བརྙན་པར་ཁག་གཅིག་རྙེད་སོན་བྱུང་བ་དང་། ཁོང་ནི་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མིང་ཐོ་ནག་པོའི་གྲས་སུ་ཡོད་པ་ཤེས་རྟོགས་བྱུང་འདུག
ཕྱི་ཚེས་༢༢ཉིན་གནམ་ཐང་དུ་ལས་ཀ་བྱེད་མཁན་མིང་འབོད་གནང་འདོད་མེད་མཁན་ཕྱི་མི་ཞིབ་གཤེར་ལས་ཁུངས་ཀྱི་ལས་བྱེད་པ་གཞོན་གྲས་དེ་གཉིས་ཀྱིས་བལ་ཡུལ་ཕྱི་མི་ཞིབ་གཤེར་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཨེ་ཤོར་རཱཇ་པོནདྷྱལ་(Eshor Raj Pondyal)ལ་ཁ་པར་བཏང་ཞིང་། ཁོང་གིས་དེ་མ་ཐག་བལ་ཡུལ་ནང་སྲིད་བློན་ཆེན་རཱམ་བྷ་དྷུར་ཐ་པ་དང་ནང་སྲིད་དྲུང་ཆེ་པརེམ་ཀུ་མར་རཡི་སར་མགྱོགས་མྱུར་གྱིས་བཅར་ཡོད་འདུག  དེའི་བར་ན་བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་ནས་བལ་ཡུལ་གྱི་ཕྱི་མི་གཞིས་ཆགས་ལས་ཁུངས་དང་བལ་ཡུལ་ནང་སྲིད་ལས་ཁུངས་བཅས་པར་ཁ་པར་ཡང་སེ་བཏང་ནས་སྤེན་པ་ཚེ་རིང་བཀག་ཉར་བྱེད་དགོས་ལུགས་བརྗོད་འདུག འོན་ཀྱང་རྒྱ་ནག་གཞུང་ཚབ་ཁང་ལ་སྤེན་པ་ཚེ་རིང་ཟེར་བའི་ཨ་རིའི་མི་སེར་དེའི་སྐོར་གནས་ཚུལ་ཇི་ལྟར་ཐོབ་མིན་གསལ་ཁ་མེད་ཅིང་། བལ་ཡུལ་གྱི་ཀཐ་མཱན་ཌུ་གསར་ལས་ཁང་གིས་བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་ལ་འདྲི་རྩད་ཆེད་ཁ་པར་བཏང་འདུག་ཀྱང་ལན་འདེབས་བྱས་མིན་འདུག་ལ། དེ་བཞིན་གསར་ལས་ཁང་དེས་བལ་ཡུལ་ཕྱི་མི་གཞིས་སྤོས་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ལ་ཡང་ཁ་པར་བཏང་འདུག་ཀྱང་ལན་བྱུང་མེད་པ་རེད་འདུག འོན་ཀྱང་བལ་ཡུལ་ནང་སྲིད་ལས་ཁུངས་ཀྱིས་ཨ་རིའི་གཞུང་ཚབ་ཁང་གི་འདྲི་རྩད་འབྱོར་ཡོད་པ་ངོས་ལེན་གནང་འདུག
འདིའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་དེང་སྐབས་རྡ་རམ་ས་ལར་བཞུགས་མུས་སུ་ཡིན་པ་བོད་མི་དམངས་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ་གནད་དོན་འདིའི་ཐད་བཀའ་འདྲི་ཞུས་པར། ཁོང་ལ་ཨ་རིའི་མི་སེར་གྱི་ལག་འཁྱེར་མེད་པ་དང་། བལ་ཡུལ་དུ་ལོ་མང་སྔོན་ནས་མ་གཏོགས་ཕེབས་མྱོང་མེད་པ་སོགས་གསལ་བཤད་གནང་སྟེ། བལ་ཡུལ་གཞུང་གི་ཕྱིར་འབུད་བཏང་པའི་སྤེན་པ་ཚེ་རིང་ནི་ཁོང་མིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎