ཧྥེ་ལི་པིནསི་གཞུང་གིས་རྒྱལ་སྤྱིའི་འདུམ་འགྲིག་ཁྲིམས་ཁང་གི་དཔྱད་ཁྲ་རྩིས་མེད་ཀྱིས་རྒྱ་ནག་དང་གྲོས་མོལ་བྱེད་རྒྱུའི་མོས་མཐུན་མེད་ཟེར།
རྒྱ་ནག་གཞུང་གིས་ཧྥེ་ལི་པིནསི་གཞུང་ལ་ཉེ་ཆར་རྒྱལ་སྤྱིའི་འདུམ་འགྲིག་ཁྲིམས་ཁང་གི་དཔྱད་ཁྲར་རྩིས་མེད་ཀྱིས་རྒྱ་ནག་དང་ཐད་ཀར་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་བདག་དབང་ཐད་གྲོས་མོལ་བྱ་དགོས་རྒྱུའི་དགོས་འདུན་བཏོན་པར་ཧྥེ་ལི་པིནསི་གཞུང་གིས་མོས་མཐུན་བྱ་རྒྱུ་མིན་ལུགས་བརྗོད་འདུག།
དེ་ཡང་དེ་རིང་གཟའ་མིག་དམར་ཉིན། ཧྥེ་ལི་པིནསི་ཕྱི་སྲིད་བློན་ཆེན་Perfecto Yasay་ཡིས་རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་ཁྲིམས་ཁང་གི་དཔྱད་ཁྲའི་གནད་དོན་དང་འབྲེལ་བ་མེད་པའི་ཐོག་ནས་གྲོས་མོལ་བྱ་དགོས་རྒྱུ་བརྗོད་བཞིན་འདུག་པས། ངས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བསམ་འཆར་འདི་ནི་ང་ཚོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་ཁེ་ཕན་གཉིས་ཀ་དང་མ་མཐུན་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་བ་ཡིན་ཞེས་གསུངས་འདུག།
ཧྥེ་ལི་པིནསི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྣམ་གཉིས་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཏུར་ནང་ཚུགས་པའི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཆེས་མཐོའི་སྐུ་ཚབ་ལྷན་ཚོགས་ཀྱི་ཚོགས་འདུའི་ཞོར་དུ་ཟུར་མཇལ་གནང་འདུག།
ནེ་ཐར་ལེན་ཊེའི་གྲོང་ཁྱེར་The Hague་ནང་ཡོད་པའི་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཁང་གིས་ཕྱི་ཟླ་༧་ཚེས་༡༢་ཉིན་དཔྱད་ཁྲ་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གིས་ཧྥེ་ལི་པིནསི་གྱི་ངོས་ནས་རང་ཉིད་ཀྱི་ཆུ་ཚད་ལས་མ་ལེ་༢༣༠་ཙམ་བརྒལ་སྟེ་དཔལ་འབྱོར་ལས་དོན་གྱི་བྱ་གཞག་སྤེལ་ཆོག་རྒྱུའི་མངའ་དབང་གི་ཐོབ་ཐང་བརྡལ་བཤིག་བཏང་ཡོད་པ་དང་། མཚོ་གླིང་དེ་དག་རྒྱ་ནག་ལ་ལོ་རྒྱུས་ཀྱི་ཐོག་ནས་བདག་དབང་གི་ཐོབ་ཐང་མེད་ལུགས་བཀོད་ཡོད་པ་རེད།
ཧྥེ་ལི་པིནསི་ཕྱི་སྲིད་བློན་ཆེན་ཡ་སེ་ལ་ABS-CBN་བརྙན་འཕྲིན་ལས་ཁང་གིས་བཅར་འདྲི་ཞུས་པའི་སྐབས་ཁོང་གིས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས། ཧྥེ་ལི་པིནསི་གྱི་ངོས་ནས་ཧྥེ་ལི་པིནསི་གྱི་ཉྭ་པ་ཚོའི་འགྲུལ་བསྐྱོད་ཀྱི་ཐོབ་ཐང་སྐོར་སྐད་ཆ་བཤད་ན་ཆོག་ཀྱང་། རྒྱལ་སྤྱིའི་ཁྲིམས་ཁང་གི་དཔྱད་ཁྲའི་སྐོར་བཤད་ན་མི་འགྲིག་བརྗོད་བྱུང་བར་མ་ཟད། ད་དུང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས། གལ་ཏེ་ཧྥེ་ལི་པིནསི་གྱི་ངོས་ནས་ཨུ་ཚུགས་ཐ་ནན་བྱས་ཚེ། ང་ཚོའི་དབར་གདོང་ཐུག་ཡོང་རྒྱུའི་ཉེན་ཁ་ཡོད་ལུགས་བརྗོད་བྱུང་ཞེས་གསུངས་འདུག།
ཧྥེ་ལི་པིནསི་ཡིས་རྒྱ་ནག་ལ། གནད་དོན་འདིའི་ཐད་སྟངས་འཛིན་དང་ཞི་དུལ་བག་ཡོད་བྱེད་དགོས་པ་དང་། ངར་སློང་བའི་གཏམ་བཤད་མི་བྱེད་པའི་རེ་འདུན་བྱེད་ཡོད་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།