རྒྱ་ནག་གིས་བོད་ནང་གི་དགོན་སྡེ་ཁག་ལ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ།

2018-07-06
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གིས་བོད་ནང་གི་དགོན་སྡེ་ཁག་ལ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ།
རྒྱ་ནག་གིས་བོད་ནང་གི་དགོན་སྡེ་ཁག་ལ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ།
དུས་བབ།

རྒྱ་ནག་གཞུང་གིས་མ་འོངས་བའི་ལོ་གསུམ་ནང་བོད་ནང་དུ་གྲྭ་བཙུན་རྣམས་སྔོན་ཐོན་གྲྭ་བཙུན་ཡག་པོ་ཞིག་བྱེད་དགོས་ཞེས་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་ ༥ ཉིན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་དགོན་སྡེ་ཁག་ལ་ཆབ་སྲིད་ཐད་བློས་འཁེལ་ཆོག་པ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་པའི་ཚད་གཞི་བཞི་ལ་བརྩི་བཀུར་ལག་བསྟར་བྱས་ནས་སྔོན་ཐོན་གྲྭ་བཙུན་རྣམ་དག་བྱེད་པའི་སློབ་གསོ་ལག་ལེན་ཞེས་པའི་དྲིལ་བསྒྲགས་ཚོགས་འདུ་ཞིག་སེ་ར་དགོན་དང་འབྲས་སྤུངས་དགོན་པ་གཉིས་སུ་ཚོགས་ཡོད་པའི་སྐོར་བོད་ཀྱི་དུས་བབ་གསར་ཤོག་གནས་ཚུལ་སྤེལ་འདུག སྐབས་དེར་བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་སྤྱི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས། གྲྭ་བཙུན་ཚོར་ཆབ་སྲིད་ཐད་བློས་འཁེལ་ཆོག་པ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་དགོས་པ་དང་། དམིགས་ཡུལ་དེ་ནི་རྒྱ་ནག་གི་དེང་རབས་ཆོས་ལུགས་ལས་རིགས་ཀྱི་བྱ་སྤྱོད་ཚད་འཛིན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡིན་པས་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། བོད་ལྗོངས་འཕེལ་རྒྱས་ཆེན་པོ་དང་། ཡུན་རིང་བདེ་འཁོད་ཡོང་ཕྱིར་བྱས་རྗེས་གསར་པ་འཇོག་དགོས་ཟེར་བཤད་སྣང་།  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ད་ལྟའི་ཆར་བོད་ཀྱི་དགོན་སྡེ་ཁག་དེ་རྒྱ་གཞུང་གི་རྡུང་རྡེག་གཏོང་ཡུལ་དང་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་ཡུལ་ཆགས་ཏེ་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་དང་གྲྭ་བཙུན་གྱི་སློབ་གཉེར་ལ་བར་ཆད་དང་འགོག་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།
སྤྱིར་རྒྱ་ནག་གཞུང་གིས་བོད་ས་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག་ཏུ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་དང་། ལས་འགུལ་དེ་དག་གིས་མིང་དང་དྲིལ་བསྒྲགས་བྱེད་ཐབས་ལ་འགྱུར་བ་ཅུང་ཙམ་བཏང་བ་ལས་དམིགས་ཡུལ་ཚང་མ་གཅིག་པ་ཡིན་པ་ལྟར། འདས་པའི་ལོ་ཁ་ཤས་སྔོན་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ཆབ་སྲིད་ལས་འགུལ་ཞིག་དགོན་སྡེ་ཁག་གི་ནང་ཤུགས་ཆེར་སྤེལ་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ཐད་གནས་ཚུལ་སྤེལ་བའི་ནང་། དགོན་སྡེ་ཁག་ཏུ་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཁག་སྤེལ་མཚམས་འཇོག་ཏུ་བཅུག་སྟེ། བཙན་ཤེད་ཀྱིས་རྒྱལ་གཅེས་རིང་ལུགས་སློབ་གསོའི་ལས་འགུལ་སྤེལ་བ་སོགས། ད་ལྟའི་ཆར་བོད་ཀྱི་དགོན་སྡེ་ཁག་དེ་རྒྱ་གཞུང་གི་རྡུང་རྡེག་གཏོང་ཡུལ་དང་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་ཡུལ་ཆགས་ཏེ་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་དང་གྲྭ་བཙུན་གྱི་སློབ་གཉེར་ལ་བར་ཆད་དང་འགོག་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད་སྐོར་འཁོད་འདུག

གསར་འགོད་པ་སྐལ་བཟང་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།