ཨ་རི་གཉིད་ལས་སད་ནས་རྒྱ་ནག་ལ་ཕྱོགས་གང་ཐད་ནས་ཁ་གཏད་གཅོག་རྒྱུ་ཡིན་ཟེར།


2019.10.31
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག་གིས་གཏམ་བཤད་སྐབས། ༢༠༡༩།༡༠།༣༠ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག་གིས་གཏམ་བཤད་སྐབས། ༢༠༡༩།༡༠།༣༠
Department of State/youtube

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་སྦྲགས་ཨ་རི་གཉིད་ལས་སད་ནས་རྒྱ་ནག་ལ་ཕྱོགས་གང་ཐད་ནས་ཁ་གཏད་གཅོག་རྒྱུ་ཡིན་པའི་གཏམ་བཤད་སྤེལ་འདུག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག་གིས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དྲག་གནོན་དང་ཡུ་གུར་བ་མང་པོ་དོ་དམ་བཙོན་འཇུག་བྱེད་བཞིན་པ་ཐེར་འདོན་གནང་བ་དང་སྦྲགས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་དབང་བསྒྱུར་བྱེད་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པས་ཨ་མི་རི་ཀ་གཉིད་ལས་སད་དགོས་ཀྱི་ཡོད་པ་ནན་བརྗོད་གནང་འདུག
དེ་ཡང་ཟླ་༡༠་བའི་ཚེས་༣༠་ཉིན། ཨ་མི་རི་ཀའི་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་(Hudson)་ལྟེ་གནས་ཁང་དུ། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག་གིས་གཏམ་བཤད་སྐབས། རྒྱ་ནག་དམར་ཤོག་གཞུང་གིས་འཛམ་གླིང་ཐོག་གཞུང་དང་མི་དམངས་ལ་གཞུང་འཛིན་ལམ་ལུགས་མི་འདྲ་བ་ཞིག་སྟོན་བཞིན་ཡོད་པ་དང་། དེ་ནི་མཱ་ཁེ་སི་ལེ་ཉིན་གྱི་ལྟ་གྲུབ་དང་མཐུན་པའི་དམར་ཤོག་ཚོགས་པའི་མི་སྣ་དྲག་གྲས་གྱི་འདུན་པ་དང་མཐུན་པས་མི་ཚང་མས་བསམ་བློ་དང་བྱ་སྤྱོད་གཅིག་མཚུངས་དགོས་པ་བཙན་ཤུགས་བཏང་བ་དེ་རེད། དེ་འདྲ་བ་ཞིག་ང་ཚོར་མ་འོངས་པའི་ནང་དགོས་ཀྱི་མེད་ལ་རང་དབང་ལ་དགའ་ཞེན་ཡོད་པའི་རྒྱ་ནག་མི་དམངས་ཚོར་ཡང་དེ་ལྟར་དགོས་ཀྱི་ཡོད་པ་མ་རེད་ཅེས་བརྗོད་འདུག
ད་ལྟ་ང་ཚོས་གཞི་ནས་རྒྱ་ནག་དམར་ཤོག་ཚོགས་པ་དེས་ཨ་མི་རི་ཀའི་གཞུང་དང་། ཨ་མི་རི་ཀའི་རིན་ཐང་ལ་ཁ་གཏད་ཇི་ཙམ་གཅོག་གི་ཡོད་མིན་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་བར་མདུང་རྩེ་ཁ་སྤྲོད་བྱེད་རྒྱུར་འདོད་པ་མེད་ཀྱང་རྒྱ་ནག་རྒྱལ་ཁབ་དེ་གུ་ཡངས་ཤིག་ཏུ་ཆགས་རྒྱུའི་རེ་འདུན་བྱེད་ཀྱི་ཡོད། དེར་བརྟེན་ཨ་རིའི་ངོས་ནས་ད་བར་རྒྱ་ནག་ནང་འགྱུར་བ་འགྲོ་བའི་རེ་བ་བྱས་ནས་དྲུག་བཞིའི་སྡེབ་གསོད་དོན་རྐྱེན་སོགས་ལ་སྣང་མེད་དང་བཟོད་བསྲན་བྱས་ཀྱང་། ད་ཆ་རྒྱ་ནག་དམར་ཤོག་ཚོགས་པས་ཨ་རི་དང་ནུབ་ཕྱོགས་ཀྱི་རིན་ཐང་ལྟ་ཚུལ་ལ་ཅི་འདྲའི་སྡང་སེམས་དྲག་པོ་ཡོད་པ་ཨ་རིས་རྟོགས་ཡོད་ལ་དེའི་ཐད་ཕྱོགས་གང་ཐད་ནས་དངོས་སུ་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བརྗོད་འདུག
ད་དུང་ཁོང་གིས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དྲག་གནོན་དང་ཡུ་གུར་ཁ་ཆེ་བ་མང་པོ་དོ་དམ་བཙོན་འཇུག་བྱེད་བཞིན་པ་དང་། ཨ་མི་རི་ཀ་གཞུང་གི་རྒྱ་ནག་གི་དཔོན་རིགས་དང་མི་སེར་ཚོ་ཨ་རིར་ཡོང་བར་གུ་ཡངས་ག་ཚོད་བྱས་ཀྱང་ཁོང་ཚོའི་ངོས་ནས་ཨ་རིའི་དཔོན་རིགས་དང་གསར་འགོད་པ་གཙོས་མི་སེར་ཚོ་རྒྱ་ནག་ལ་བསྐྱོད་རྒྱུར་དམ་དྲག་དང་ཚོད་འཛིན་བྱེད་བཞིན་པ་སོགས་འོས་མིན་གྱི་བྱ་སྤྱོད་སྣ་ཚོགས་ཐེར་འདོན་དང་སྦྲགས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་དབང་བསྒྱུར་བྱེད་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པས་ཨ་མི་རི་ཀ་གཉིད་ལས་སད་དགོས་ཀྱི་ཡོད་པ་ནན་བརྗོད་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་ཐོག་འཛིན་རྒྱུའི་སྲིད་བྱུས་སྐོར་གཏམ་བཤད་སྤེལ་མ་ཐག་ཚེས་༣༡་རེས་གཟའ་ཕུར་བུའི་ཉིན། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་(Geng Shuang)་ཡིས། དེ་ནི་ཨ་མི་རི་ཀའི་ཆབ་སྲིད་པ་ཉུང་ཤས་ཞིག་གི་ང་རྒྱལ་དང་དངངས་སྐྲག་དེ་ཕྱིར་བཏོན་པ་ཞིག་ཡིན་པ་རེད་ཅེས་དང་། རྒྱ་ནག་གི་ནང་སྲིད་དང་ཕྱི་སྲིད་གྱི་གནད་དོན་ཐོག་ལ་ཆེད་དུ་གཏམ་འཆལ་སྤེལ་བ་དེ་ནི་ཨ་མི་རི་ཀའི་ཆབ་སྲིད་པ་ཉུང་ཤས་ཤིག་གིས་དམར་ཤོག་ཚོགས་པ་དགྲ་བོར་འཛིན་པའི་སེམས་ཁམས་དེ་ཕྱིར་མངོན་པ་ཞིག་རེད་ཅེས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་བརྗོད་འདུག
དེ་བཞིན་བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་(Mike Pence)་མཆོག་གིས་ཀྱང་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་དང་མཉམ། ཨ་མི་རི་ཀའི་ངོས་ནས་རྒྱ་ནག་དེ་བཞིན་ཐབས་ཇུས་དང་ཚོང་དོན་གྱི་ཁ་གཏད་ཞིག་ལ་ངོས་འཛིན་གྱིས་མཐའ་གཅིག་ཏུ་གདོང་ལེན་གནང་རྒྱུ་ཡིན་པའི་གཏམ་བཤད་སྤེལ་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎