བོད་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་རེད་འདུག

2022.05.03
བོད་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་རེད་འདུག འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ།
RFA

གསར་འགོད་རང་དབང་ནི་མང་གཙོའི་སྤྱི་ཚོགས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་མ་ཟད། འཛམ་གླིང་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞིའི་ནང་དུ་གསར་འགྱུར་བརྒྱུད་ལམ་ནི། མང་གཙོའི་ཀ་བ་བཞི་པར་ངོས་འཛིན་བྱེད་མུས་ཡིན་ནའང་། བོད་ནང་དུ་རྒྱ་ནག་དམར་ཤོག་གཞུང་གིས་དྲག་གནོན་འོག་གསར་འགོད་རང་དབང་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།
དཔེར་ན། འདས་པའི་སྤྱི་ལོ་༢༠༢༡ ལོའི་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གནས་ཚུལ་ཁྱབ་སྤེལ་སོགས་ཀྱི་གནས་སྟངས་ཐད་རྒྱུས་ལོན་བྱས་པའི་ཁྲོད། ༢༠༢༡ལོའི་སྤྱི་ཟླ་༡༢ ནང་རྒྱ་ནག་གཞུང་གིས་བྲག་འགོ་རྫོང་ས་གནས་མི་མང་ཚོར་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་བའི་བརྙན་དང་པར་སོགས་བླངས་བཅུག་མེད་པའི་དམ་དྲག་ཤུགས་ཆེར་བྱས་ཡོད་པ་མ་ཟད། ས་ཁུལ་དེའི་བོད་མི་ཚོར་གནས་ཚུལ་དེའི་སྐོར་ལ་གླེང་སློང་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པའི་དམ་དྲག་བྱས་ཡོད་པ་ཤེས་རྟོག་བྱུང་ཡོད་པ་རེད།
ད་དུང་རྒྱ་ནག་གཞུང་གིས་བོད་ནང་བོད་མི་རྩོམ་པ་པོ་དང་གསར་འགོད་པ། དེ་བཞིན་གཞས་པ་གཞས་མ་སོགས་དུ་མ་ཞིག་འཛིན་བཟུང་བཙན་ཁྲིད་ཀྱིས་མནར་གཅོད་ཚད་མེད་བཏང་དང་གཏོང་མུས་ཡིན་པ་རེད། དཔེར་ན། བོད་ནང་གི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཆོ་ལགས་སུ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། རྩོམ་པ་པོ་དྷཱི་ལྷ་ལྡན་གྱིས་རྒྱ་ནག་དམར་ཤོག་གི་ལྟ་སྤྱོད་དང་མི་མཐུན་པའི་རྩོམ་ཡིག་སྤེལ་བའི་སོགས་ཀྱི་རྐྱེན་གྱིས་༢༠༢༡ལོའི་སྤྱི་ཟླ་༡༠པའི་ནང་ཁོང་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། རྔ་བ་ནས་ཡིན་པའི་རྩོམ་པ་པོ་རིན་ཆེན་ཚུལ་ཁྲིམ་ལགས་ཀྱིས་བོད་དོན་རྩོམ་ཡིག་སྤེལ་བའི་རྐྱེན་གྱིས་༢༠༢༡ ལོའི་འགོ་སྟོད་དུ་རྒྱ་གཞུང་གིས་ཁོང་ལ་མི་ལོ་བཞི་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ཡང་རེབ་གོང་ནས་ཡིན་པའི་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་རྒྱ་ནག་གཞུང་གིས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
ཡང་ཉེ་ལམ་སྤྱི་ཟླ་༤ པའི་ནང་(Reporters without Borders)རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་བཏོན་པའི་ལོ་འཁོར་སྙན་ཐོའི་ནང་། བོད་མདོ་ཁམས་འབྲི་རུ་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་སྦྱིན་པ་ལགས་སུ་རྒྱ་ནག་གཞུང་གིས་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་བའི་དབང་གིས་༢༠༢༡ ལོའི་སྤྱི་ཟླ་༢ པའི་ནང་འདས་གྲོངས་སུ་ཕྱིན་པ་ཐེར་འདོན་བྱས་འདུག་པ་མ་ཟད། ཆབ་སྲིད་བཙོན་ཟུར་ཁོང་ལྟ་བུ་ནི་རྒྱ་ནག་གཞུང་གིས་དམ་དྲག་བྱེད་མིན་ལ་མ་བལྟས་པར་བོད་ནང་གི་དངོས་ཡོད་སྟངས་རྣམས་ཕྱི་ཕྱོགས་ཀྱི་གསར་འགོད་པ་ཚོར་མཁོ་སྤྲོད་བྱེད་མཁན་ཞིག་ཡིན་ནའང་། རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འདི་ལོའི་སྤྱི་ཟླ་༢ པའི་ནང་བོད་ནས་བྲོས་བྱོལ་དུ་ཕེབས་ཏེ་ད་ཆ་རྒྱ་གར་ནང་གནས་སྡོད་བོད་མི་གྲངས་༢༡༥་ལ་དཔྱད་བསྡུར་འདྲི་ཞིབ་བྱས་པའི་ཁྲོད། རྒྱ་ནག་གིས་དམ་དྲག་ཇེ་ཆེར་བཏང་བའི་རྐྱེན་གྱིས་བོད་མི་༡༠༦ གིས་སོ་སོའི་ཕ་མ་སྤུན་ཉེ་དང་འབྲེལ་བ་ཡོངས་སུ་ཆད་ཡོད་པ་གསལ་སྟོན་བྱེད་ཀྱི་འདུག
དེ་བཞིན་རྒྱ་གར་ནས་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུ་ལོ་རེར་བཞིན་ཁག་ཏུ་འགྲོ་བཞིན་ཡོད་པ་བཞུགས་སྒར་དུ་ཡོད་པའི་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་དེ་དང་ཕྱོགས་མཚུངས་ཨ་མི་རི་ཀར་རྟེན་གཞི་བྱས་པའི་རང་དབང་ཁང་པ། (Freedom house) ཡིས་༢༠༢༢ ལོའི་སྙན་ཐོ་བཏོན་པའི་ནང་། བོད་དེ་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ ༡༩༥ དང་ས་ཁུལ་མི་འདྲ་བ་༡༥་བཅས་ཀྱི་ ནང་ནས་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་གནས་སྟངས་ཞན་ཤོས་ཡིན་པ་གསལ་འདུག
ཡང་ཉེ་ལམ་སྤྱི་ཟླ་༤ པའི་ནང་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་འཛམ་གླིང་གི་རྒྱལ་ཁབ་ཁག ༡༩༠ ལྷག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་རྒྱ་ནག་གཞུང་གིས་བོད་ནང་བོད་མི་གང་བྱུང་འཛིན་བཟུང་དང་དམར་གསོད་གཏོང་བ། འགྲོ་བསྐྱོད་རང་དབང་ལ་བཀག་སྡོམ། ཆོས་དད་རང་དབང་ལ་དམ་དྲག་རྡོག་རོལ་དང་བོད་མིའི་རིག་གཞུང་གོམས་གཤིས་རྒྱ་རིགས་ཅན་དུ་བསྒྱུར་ཐབས་བྱེད་པ་སོགས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་ཡོད་པ་འཁོད་ཡོད་པ་རེད།
གཞན་ཡང་རྒྱ་ནག་གཞུང་གིས་སྐད་འཕྲིན་བརྒྱུད་ཕྱི་ཕྱོགས་སུ་གནས་ཚུལ་བརྒྱུད་སྐུར་གྱི་རང་དབང་ཐད་དམ་དྲག་ཇེ་ཆེར་གཏོང་མུས་ཡིན་པའི་ཁྲོད། ༢༠༢༡ལོའི་སྤྱི་ཟླ་༨ པའི་ནང་སྐད་འཕྲིན་ཚོགས་པ་ཞིག་ཏུ་མདོ་ཁམས་སྐྱེ་རྒུ་མདོ་རུ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་བའི་དུས་སྟོན་གྱི་འདྲ་པར་ཕྱི་ཕྱོགས་སུ་བསྐུར་བའི་ཉེས་མིང་འོག་རིན་ཆེན་རྡོ་རྗེ་ལགས་ཚུད་པའི་བོད་མི་གསུམ་འཛིན་བཟུང་བྱས་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎