མི་ཚེ་ཧྲིལ་པོ་བོད་ཀྱི་སྐད་ཡིག་ཐོག་ལེགས་སྐྱེས་ཕུལ་མཁན་ཞིག་ལྷ་སར་མི་ཚེའི་འཕེན་པ་རྫོགས་པ།

2020-10-16
གློག་འཕྲིན།
མཆན།
Share
པར་བཀོད།
མི་ཚེ་ཧྲིལ་པོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ལེགས་སྐྱེས་ཕུལ་མཁན་སློབ་དཔོན་ཐུབ་བསྟན་དབང་པོ་ལགས།
མི་ཚེ་ཧྲིལ་པོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ལེགས་སྐྱེས་ཕུལ་མཁན་སློབ་དཔོན་ཐུབ་བསྟན་དབང་པོ་ལགས།
འོད་ཟེར།

སློབ་དཔོན་ཐུབ་བསྟན་དབང་པོ་ལགས་ནི་སྤྱི་ལོ་༡༩༣༠ལོར་ལྷ་སར་འཁྲུངས་ཤིང་།   ཆུང་དུས་ནག་རོང་ཤག་སློབ་གྲྭར་རྨང་གཞིའི་སློབ་སྦྱོང་གནང་པའི་རྗེས་ཕོ་བྲང་པོ་ཏཱ་ལའི་རྩེ་སློབ་གྲྭར་མུ་འཐུད་སློབ་སྦྱོང་གནང་སྟེ་རྩེ་དྲུང་གི་གནས་བབས་ཐོག་ནས་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་གཞུང་ཞབས་ཀྱང་གནང་འདུག   ༡༩༥༣ལོར་བོད་པའི་གཞོན་སྐྱེས་ཤེས་ལྡན་པ་ཁག་ཅིག་རྒྱ་ནག་ཏུ་བཏང་བའི་ཁོངས་སུ་ཁོང་ཡང་ཡོད་ཅིང་། པེ་ཅིང་ཏུ་ཡོད་པའི་དབུས་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དུས་ཡུན་ལོ་༣༦ཙམ་གནང་པ་དང་།   ༡༩༨༨ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་སྐད་ཡིག་དང་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་ཕྱག་ལས་གནང་འདུག   ཕྱིས་སུ་བགྲེས་ཡོལ་ཞུས་པའི་རྗེས་སུ་ཡང་མུ་མཐུད་གཟིམ་ཤག་ཏུ་རིན་མེད་ངང་བོད་པ་དང་རྒྱ་མི།   དམིགས་བསལ་རྒྱལ་སྤྱིའི་ཐོག་གི་བོད་རིག་པའི་ཞིབ་འཇུག་གནང་མཁན་སོགས་མང་པོར་བོད་ཡིག་དང་བརྡ་སྤྲོད།  ས་སྐྱ་ལེགས་བཤད།  ཚད་མ་རིག་པ་སོགས་ནང་དོན་མི་འདྲ་བའི་སློབ་ཁྲིད་གནང་སྟེ་མི་ཚེ་ཧྲིལ་པོ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐོག་འབད་བརྩོན་གནང་མཁན་ཞིག་ཡིན་ཞིང་།   ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་དཔོན་ཐུབ་བསྟན་དབང་པོ་ལགས་དམ་པ་ཁོང་ནི་རྒྱུན་དུ་སྤྱོད་འཇུག་ཉམས་ལེན་ཐད་དོ་སྣང་ཆེན་པོ་གནང་མཁན་ཞིག་ཀྱང་རེད་འདུག  
དམ་པ་ཁོང་གི་དམིགས་བསལ་ཆེད་རྩོམ་དང་རྩོམ་སྒྲིག   བསྒྱུར་དེབ་སོགས་མང་པོ་ཡོད་པའི་ཁོངས་སུ་<<ལེགས་བཤད་ཆེད་བསྒྲིགས།>> དང་<<བོད་རྒྱ་ཤན་སྦྱར་གྱི་ལྷ་སའི་ཁ་སྐད་ཚིག་མཛོད། >> <<ཤེས་བྱའི་སྒོ་མོ་འབྱེད་མཁན། >> << བོད་ཡིག་རྩོམ་རིག་ཤེས་བྱར་ངེས་པར་དུ་ལྡན་དགོས་པའི་ཆ་རྐྱེན། >>  <<ལྷ་སའི་ཁ་སྐད་ཀྱི་བརྗོད་པ། >> ལ་སོགས་པ་མང་པོ་འདུག
རྒྱ་ནག་ཏུ་ཡོད་པའི་བོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ནི་དམ་པ་ཁོང་གི་སློབ་མ་གནང་མྱོང་འདུག་པས།   ཁོང་གིས་ངོ་དེབ་དྲ་ཚིགས་ཐོག་རྒན་ལགས་དམ་པ་ཁོང་ལ་དྲན་གསོའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་དེ་སྔོན་ལྷ་སར་མི་ཡུལ་གྱི་བྱང་ཆུབ་སེམས་དཔའི་མི་སྣ་འདི་འདྲ་ཞིག་གུས་མོས་མཇལ་མྱོང་བར་དགའ་ཚོར་ཡོང་གི་འདུག   དྲིན་ཅན་བཤེས་གཉེན་གྱི་དྲིན་ལན་འཇལ་ཆེད་མཆོད་མེ་འབུལ་རྒྱུ་དང་སྨོན་ལམ་འདེབས་རྒྱུ་ལས་བྱེད་ཐབས་གང་ཡང་མི་འདུག་ཅེས་དང་། དམ་པ་ཁོང་ནི་དབྱེ་འབྱེད་ཀྱི་དགོངས་པ་སྤུ་ཙམ་མེད་མཁན་ཞིག་ཀྱང་རེད་ཅེས་གསུངས་འདུག
འོད་ཟེར་ལགས་ཀྱིས། སློབ་དཔོན་ཐུབ་བསྟན་དབང་པོ་ལགས་ཀྱི་སློབ་མའི་ཁོངས་སུ་བོད་མི་སྐྱ་སེར་ཙམ་མིན་པར་རྒྱ་མི་དང་ནུབ་ཕྱོགས་མི་སྣ་སོགས་མི་སྣ་འདྲ་མིན་ཡོད་པ་གསུངས་འདུག
ཁོང་གིས་སློབ་འཁྲིད་གནང་པའི་བསླབ་གཞིའི་ཁོངས་སུ་   ཚད་མ་རིག་པ་དང་ས་སྐྱ་ལེགས་བཤད།   བརྡ་སྤྲོད་སུམ་རྟགས།   ལྷ་སའི་ཁ་སྐད་ཀྱི་བརྗོད་པ་སུམ་བརྒྱ་ལ་སོགས་པ་མང་པོ་ཡོད་པ་མ་ཟད།   སློབ་ཁྲིད་གནང་པ་ཆ་ཚང་རིན་མེད་ཡིན་ཞིང་།   དངུལ་སྐར་མ་གཅིག་ཀྱང་བཞེས་ཀྱི་མེད་ལ།   ཕྱག་རྟགས་ཀྱང་བཞེས་ཀྱི་མེད་པ་གསུངས་འདུག



མཆན། (0)
Share
དྲ་གནས་ཆ་ཚང༌།