རྔ་བ་ཁུལ་ཁོངས་ཀྱི་སློག་གྲྭ་ཁག་ནང་རྒྱ་བསྒྱུར་སློབ་གསོ་མི་སྤེལ་རྒྱུའི་རེ་འབོད་བྱེད་བཞིན་འདུག

2020-04-21
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་བསླབ་གཞི་དང་སློབ་ཚན་ཁག་གི་སྦྱང་བྱའི་དེབ། ༢༠༢༠
བོད་ནང་བསླབ་གཞི་དང་སློབ་ཚན་ཁག་གི་སྦྱང་བྱའི་དེབ། ༢༠༢༠
བོད་འབྱོར།

བསླབ་གཞི་ཁག་བོད་ཀྱི་སྐད་ཡིག་གི་ནང་རང་འཇགས་འཇོག་རོགས་ཞེས་ཁྱུང་མཆུ་རྫོང་མི་མང་གི་སྐུ་ཚབ་ཚོས་རྒྱ་ནག་གཞུང་ལ་རེ་འདུན་སྙན་ཞུ་ཕུལ་ཡོད་འདུག
མདོ་སྨད་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ས་ཁུལ་དུ་རིང་མིན་རྒྱ་ནག་གཞུང་གིས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་བོད་ཀྱི་སྐད་ཡིག་ཁོ་ན་ཙམ་མ་གཏོགས། གཞན་རྩིས་རིག་དང་རྫས་འགྱུར། དངོས་ཁམས་རིག་པ་དང་ས་ཁམས། ལོ་རྒྱུས་དང་སྐྱེ་དངོས་སོགས་བསླབ་གཞི་ཁག་ཡོངས་རྫོགས་རྒྱ་ཡིག་གི་ལམ་ནས་འགྲོ་དགོས་པའི་གནས་ཚུལ་ཐོན་རྗེས། རྔ་བ་རང་སྐྱོང་ས་ཁུལ་གྱི་ཁྱུང་མཆུ་རྫོང་ཚ་རུ་མ་འབྲོག་སྡེའི་འཐུས་ཚབ་ཁག་ཅིག་ནས། སློབ་ཁྲིད་ལམ་ལུགས་ཐད་འཕོ་འགྱུར་དེ་འདྲ་བཏང་ན་བོད་ཕྲུག་ཚོའི་མདུན་ལམ་དང་། ཕ་མ་བུ་ཕྲུག་དབར་གྱི་འབྲེལ་བ། རྒྱལ་ཁབ་ཀྱི་ཁྲིམས་ཐོག་བཅས་ནས་ཀྱང་དཀའ་ངལ་ཆེན་པོ་ཡོང་གི་ཡོད་པས། སྔོན་མ་ནང་བཞིན་སློབ་ཚན་ཡོད་ཚད་བོད་ཡིག་གི་ལམ་ནས་ཁྲིད་དགོས་པའི་རེ་འབོད་སྙན་ཞུ་ཞིག སྤྱི་ཟླ་༤་ཚེས་༢༠་ཉིན་རྒྱ་ནག་གཞུང་ལ་ཕུལ་ཡོད་པ་ཁྱུང་མཆུ་རྫོང་གི་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད།
སྙན་ཞུ་དེའི་ནང་འབྲོག་པ་དམངས་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ས་ནི། རང་གི་བུ་དང་བུ་མོའི་མདུན་ལམ་དང་སློབ་གསོ། ལྟོ་གོས་དང་རྒྱུགས་འབྲས་སོགས་རེད། བོད་རིགས་ལ་བོད་ཀྱི་སྐད་ཡིག་མ་ཡིན་པར་རྒྱའི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱས་ཚེ། ཁོ་ཚོས་རང་གི་བུ་དང་བུ་མོ་ཚོའི་རྒྱུགས་འབྲས་ཡག་པོ་ཞིག་ལོན་ཐབས་མེད་པ་དང་། རྒྱུགས་འབྲས་ཡག་པོ་མ་ལོན་ཚེ་སློབ་ཆེན་ཡག་པོ་ཞིག་ལ་ཞུགས་ཐབས་མེད་པ། སློབ་གྲྭ་ཡག་པོ་ཞིག་ནས་མཐར་ཕྱིན་མ་ཐུབ་ཚེ་བྱ་བ་ཡག་པོ་ཞིག་ལོན་ཐབས་མེད་པ་སོགས་ནི། བུ་རབས་ཚ་རྒྱུད་ཀྱི་དོན་དངོས་ཀྱི་ཁ་འཚོ་བ་དང་ལྟོ་གོས་ལ་འབྲེལ་བ་དམ་དུ་ཡོད་པས། ཁོ་ཚོས་འདི་ལ་སེམས་ཁུར་བླ་མེད་བྱེད་བཞིན་མཆིས་ཤིང་། འདི་ནི་ཁོ་ཚོ་དང་ཁོ་ཚོའི་ཕྱི་རབས་པ་དག་གི་མི་ཚེའི་སྐྱིད་སྡུག་དང་འཚོ་བ་སྐྱེལ་སྟངས། འབྲེལ་བ་འཛུགས་སྟངས། བྱེད་སྒོ་ཆེ་མ་ཆུང་གསུམ་དག་དང་འབྲེལ་བ་ཡོད་ཅེས་འཁོད་ཡོད་འདུག
ཁྱུང་མཆུ་རྫོང་གི་ཨ་མོས་ཡུལ་ཚོ་དང་། རྨེ་བ་ཡུལ་ཚོ། གསེར་དེའུ་ཡུལ་ཚོ་བཅས་ཀྱི་མི་མང་གི་འཐུས་མི་རྣམ་པའི་ཐོག་ནས། ད་རེས་སློབ་ཁྲིད་ལམ་ལུགས་ལ་བསྒྱུར་བཅོས་བྱེད་འཆར་དེ་ཚོ་ནི། རྒྱ་ནག་རང་གི་ཁྲིམས་སྤྱི་དང་། ལྷག་པར་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལ་འགལ་ཡོད་པ་རེད་ཅེས། ཡར་ཞུ་གནང་ཡོད་པའི་སྐོར་ཨོ་སི་ཁྲི་ལི་ཡ་རུ་གནས་སྡོད་ཆབ་སྲིད་བཙོན་ཟུར་ཤེལ་དགེ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་བསླབ་གཞི་ཁྲིད་ཐབས་བཅོས་བསྒྱུར་གྱི་གནས་ཚུལ་ཉེ་ལམ་ཕྱི་ལ་ཁྱབ་པ་ན་བཟུང་། དམིགས་བསལ་རྔ་བ་ཁུལ་ཁྱུང་མཆུ་རྫོང་དང་། མཛོད་དགེ་རྫོང་། རྔ་བ་རྫོང་བཅས་ཀྱི་དགེ་རྒན་དང་ཤེས་ཡོན་ཅན་མང་པོ་ཞིག་གིས། རྒྱ་ནག་གི་ཁྲིམས་ལུགས་ལུང་འདྲེན་གྱིས་དེ་ལ་དགག་རྩོམ་མང་པོ་སྤེལ་ཡོད་པར། འཕྲལ་དུ་རྒྱ་ནག་གཞུང་གིས་དྲ་རྩོམ་སྤེལ་མི་ཆོག་པའི་བཀོད་ཁྱབ་བཏང་མིན་ལ་མ་ལྟོས་པར། རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་བོད་ཀྱི་ས་ཁུལ་གང་ས་ནས་དེ་ལ་དགག་རྩོམ་སྤེལ་གྲངས་ཇེ་མང་དུ་འགྲོ་བཞིན་པ་རེད།
དེ་སྔ་ལོ་ཤས་ནང་མཚོ་སྔོན་སོགས་བོད་ཀྱི་ས་ཁུལ་གཞན་དག་ནང་རྒྱ་ནག་གཞུང་གིས་༼སྐད་གཉིས་སློབ་གསོའི་བཅོས་བསྒྱུར། རྣམ་པ་བསྒྱུར་ཏེ་སྤུས་ཚད་མཐོ་རུ་གཏོང་བ་༽་ཞེས་བའི་སྲིད་ཇུས་དེ་འདྲ་བ་སྤེལ་རྩིས་བྱས་སྐབས། དེར་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་མཁན་མང་པོ་བྱུང་ཡོད་པ་མ་ཟད། རེབ་གོང་སོགས་སུ་ངོ་རྒོལ་སྐད་འབོད་ཡང་བྱས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།