གྲྭ་བ་ཞིག་གིས་རྔ་པའི་གཞུང་ལམ་དུ་སྐད་འབོད།


2018.12.14
གྲྭ་བ་ཞིག་གིས་རྔ་པའི་གཞུང་ལམ་དུ་སྐད་འབོད། རྔ་པའི་ཁྲོམ་གཞུང་དུ་སྐད་འབོད་གནང་མཁན་སངས་རྒྱས་རྒྱ་མཚོ།
བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ཚན་པ།

བོད་ནང་གི་རྔ་བ་རྫོང་ཐོག་དུ་གཞོན་སྐྱེས་གཉིས་ཀྱི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ཞི་རྒོལ་བྱས་བའི་གནས་ཚུལ་ཞིག་བོད་ཕྱི་ལོགས་སུ་འབྱོར་ཡོད་ཀྱང་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱིན་མི་འདུག

རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་བའི་རྣམ་གྲོལ་གླིང་དགོན་པའི་སྤྲུལ་སྐུ་ཆོས་གྲུབ་རིན་པོ་ཆེ་ལགས་སུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་བ་དེ་བདེན་པ་ཡིན་པ་དང་གཅིག་གི་མིང་ལ་དགེ་འདུན་རྒྱ་མཚོ་དང་གཅིག་གི་མིང་ལ་ཆོས་ཀྱི་རྒྱ་མཚོ་ཟེར་ཞིང་ཞི་རྒོལ་དོན་རྐྱེན་བྱུང་བ་ལ་བརྟེན་ནས་རང་སྲེག་གཏོང་མཁན་གྱི་ནང་མི་དང་གྲོང་མི་བཅས་ལ་དམ་དྲག་ནན་མོ་བྱེད་བཞིན་པའི་སྟབས་ཀྱིས་མི་དང་མི་བརྒྱུད་ནས་མ་གཏོགས་མུ་མཐུད་དུ་ཞིབ་ཕྲའི་གནས་ཚུལ་གསལ་བོར་ཤེས་ཐུབ་ཀྱིན་མིན་འདུག

འདི་ག་རླུང་འཕྲིན་ཁང་གིས་ཐད་ཀར་རྔ་བ་རྫོང་ཐོག་དུ་གནས་སྡོད་འབྲེལ་ཡོད་ཁག་ཅིག་ལ་བཅར་འདྲི་ཞུས་བའི་ལན་དུ་བརྗོད་དོན་ལྟར་ན་གནས་ཚུལ་དེའི་སྐོར་ཤེས་མ་སོང་ཟེར་མཁན་རེ་ཟུང་དང་ཡང་རེ་ཟུང་གིས་རྔ་བ་རྫོང་ཐོག་དུ་དམ་དྲག་ཤུགས་ཆེན་པོ་དང་དམིག་གསལ་དྲ་རྒྱའི་བརྒྱུད་ལམ་ནས་གནས་ཚུལ་དེའི་རིགས་ཁ་བརྡ་བྱེད་མི་ཐུབ་ཟེར།  འོན་ཀྱང་ཉིན་འདི་གར་རྔ་བ་རྫོང་ཐོག་དུ་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་བཅད་མེད་པར་སྔར་རྒྱུན་བཞིན་རེད་འདུག  བོད་ཀྱི་དུས་བབ་གསར་ཤོག་གིས་གནས་ཚུལ་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་  ༩ ཉིན་རྔ་བ་རྫོང་ཐོག་ཏུ་རང་ལོ་  ༡༦ ཙམ་ཡིན་པའི་བོད་རིགས་གཞོན་ནུ་དགེ་འདུན་རྒྱ་མཚོ་དང་།  ཆོས་ཀྱི་རྒྱ་མཚོ་ཞུ་བ་གཉིས་ཀྱིས། རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་འདུག ཁོང་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་མ་ཐག་ཤེས་རྟོགས་བྱུང་སྟེ།  གཅིག་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་སྨན་ཁང་ཞིག་ཏུ་འཁྱེར་ཡོད་པ་དང་།  གཅིག་འབར་ཁམས་ཀྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ཀྱང་།  ཁོང་གཉིས་ལས་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག

ཡང་གནས་ཚུལ་ཡོང་ཁུངས་ཞིག་གིས་མི་གཉིས་ཀྱིས་རང་སྲེག་ངོ་རྒོལ་གནང་འདུག   ཅེས་པ་དེ་ལས་གཅིག་ནི་ཉིན་ཤས་གོང་གནས་ཚུལ་ཕྱིར་བསྒྲགས་བྱུང་བའི་རང་སྲེག་ངོ་རྒོལ་གནང་མཁན་གྲྭ་མིང་ལ་ཆོས་ཀྱི་རྒྱལ་མཚན་དང་སྐྱ་མིང་ལ་འབྲུག་ཁོ་ལགས་རེད་ཟེར།   ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་སྤེལ་བའི་ནང་།   རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་གསལ་བོར་མི་ཤེས་རུང་།  ཟླ་ ༡༢ ཚེས་ ༡༠ ཉིན་ཨ་མདོ་རྔ་པ་ཀིརྟིའི་དགོན་གྱི་གྲྭ་གཞོན་སངས་རྒྱས་རྒྱ་མཚོ། རང་ལོ་ ༡༧ ཡིན་པ་ཁོང་གིས་རྔ་པའི་རྫོང་མཁར་གྱི་གཞུང་ལམ་དུ། བོད་ལ་རང་དབང་དགོས་པའི་སྐད་འབོད་གནང་བཞིན་གོམ་བགྲོད་བྱས་པར། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་མི་སྣ་སོགས་ཀྱིས་མི་མང་གི་མཐོང་སར་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་ཡོད་ཀྱང་། ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་གནས་སྟངས་ཅི་ཡིན་གསལ་བོར་ཤེས་རྟོགས་ཐུབ་མེད། ཁོང་ནི་ཕ་ཡུལ་ཆོས་རྗེ་མ་ཡུལ་ཚོ་སོ་རུ་མ་སྡེ་བ་ནས་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། དེང་སྐབས་སྔོན་འགྲོའི་འཛིན་གྲྭ་དགུ་པ་ཡིན་པ་དང་། ཕ་མིང་ལ་རྗེས་དཀར་བཟོད་པ་དང་མ་མིང་ལ་དབང་ཁོ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎