སུད་སིར་ཨ་རྒྱ་གཉིས་ཀྱི་མཐོ་རིམ་དཔོན་རིགས་མཇལ་མོལ་སྐབས་ངོ་རྒོལ་བྱས་འདུག

2021-10-06
Share
སུད་སིར་ཨ་རྒྱ་གཉིས་ཀྱི་མཐོ་རིམ་དཔོན་རིགས་མཇལ་མོལ་སྐབས་ངོ་རྒོལ་བྱས་འདུག སུད་སིར་ཨ་རྒྱ་གཉིས་ཀྱི་མཐོ་རིམ་དཔོན་རིགས་མཇལ་མོལ་སྐབས་ངོ་རྒོལ་བྱས་པ། ༡༠།༦།༢༡
TYAE

འདི་ཚེས་༦་ཉིན་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇེཀ་ས་ལི་ཝཱན་(Jake Sullivan)་དང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་འབྲེལ་ལས་དོན་འགན་འཛིན་ཡང་ཇིཡེ་ཆི་(Yang Jiechi)་རྣམ་གཉིས་སུད་སིའི་གྲོང་ཁྱེར་(Zurich)་ནང་མཇལ་འཕྲད་གྲོས་མོལ་གནང་བཞིན་པ་དང་བསྟུན། མཇལ་འཕྲད་གནང་ཡུལ་མགྲོན་ཁང་མདུན་དུ་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་མི་གཉིས་ཀྱིས་ལུས་ལ་བོད་ཀྱི་རྒྱལ་དར་གྱོན་ནས་རས་དཀར་པོ་ཆེན་པོ་ཞིག་ཐོག་ཨ་མི་རི་ཀས་མི་གསོད་ལག་དམར་བ་རྒྱ་ནག་གཞུང་དང་ལག་འབྲེལ་མ་བྱེད་རོགས་(USA Don’t Deal with Killers)་ཞེས་པའི་འབོད་ཚིག་འཁོད་པའི་འཕྲེད་དར་འཕྱར་ནས་ངོ་རྒོལ་བྱས་འདུག
དེའི་ཐད་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཨ་རིའི་ངོས་ནས་རྒྱ་ནག་གཞུང་དང་གྲོལ་མོལ་གནང་སྐབས་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་ཕན་ཙམ་མ་ཡིན་པར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་གཙོ་བཟུང་དགོས་པ་དང་། ཇི་སྲིད་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་བ། ཧོང་ཀོང་བ། དེ་བཞིན་རྒྱ་རིགས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ལ་གཉའ་གནོན་བཤུ་གཞོག་གཏོང་རྒྱུ་མཚམས་འཇོག་མ་བྱས་བར་དུ་ཨ་རི་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་མགོ་བོ་སྒུར་ཉན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གཙོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་བྱེད་ཀྱི་ཡོད། དེ་དང་མཉམ་ལས་འགུལ་འདྲ་མིན་སྤེལ་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་མ་བྱས་བར་ཨ་རི་གཙོས་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་ཚོང་འབྲེལ་མི་བྱེད་པའི་འབོད་སྐུལ་བྱེད་བཞིན་པ་བརྗོད་བྱུང་།
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇེཀ་ས་ལི་ཝཱན་དང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་འབྲེལ་ལས་དོན་འགན་འཛིན་ཡང་ཇིཡེ་ཆི་གཉིས་ཀྱི་གྲོས་མོལ་གྲུབ་རྗེས། བཀའ་མོལ་ཇི་བྱུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་སྙིང་བསྡུས་སྤེལ་བའི་ནང་། ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་འབྲེལ་ལས་དོན་འགན་འཛིན་ལ། ཨ་རི་དང་རྒྱ་ནག་བར་གྱི་འགྲན་བསྡུར་གྱི་གནས་བབས་འདིའི་འོག་ཕྱོགས་གཉིས་ཀས་ཚོད་འཛིན་ངེས་བརྟན་བྱེད་དགོས་པ་དང་། ཕྱོགས་གཉིས་བར་ཉེན་ཁ་འབྱུང་སྲིད་པའི་གནད་དོན་ཐད་མཉམ་འབྲེལ་གྱི་ལས་དོན་སྤེལ་དགོས་པ་སོགས་ནན་བརྗོད་གནང་འདུག་པར་མ་ཟད། རྒྱལ་སྲུང་སློབ་སྟོན་པ་ས་ལི་ཝཱན་ལགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ཡུ་གུར། ཧོང་ཀོང་། ལྷོ་རྒྱ་ནག་རྒྱ་མཚོ། ཐེ་ཝན་བཅས་ཀྱི་ཐོག་སྤེལ་བཞིན་པའི་བྱ་སྤྱོད་ལ་ཨ་རིའི་ངོས་ནས་ཐུགས་འཚབ་ཡོད་པ་གསལ་སྟོན་གནང་འདུག
ལྷག་པར་དུ་སྐུ་ཞབས་ས་ལི་ཝཱན་ལགས་ཀྱིས་ཨ་རིའི་ངོས་ནས་ཨ་རིའི་རྒྱལ་ཁབ་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུར་མཐུན་ཕྱོགས་ཡུལ་གྲུ་ཚོ་དང་འབྲེལ་ལམ་ཉེ་པོའི་ཐོག་ནས་ལས་དོན་སྤེལ་བ་དང་ཆབས་ཅིག རྒྱ་ནག་དང་འགན་སྲུང་ལྡན་པའི་འགྲན་བསྡུར་རྒྱུན་འཁྱོངས་བྱ་རྒྱུར་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཚོ་དང་ཡང་མུ་མཐུད་མཉམ་ལས་བྱེད་རྒྱུ་ཡིན་པ་གསུངས་འདུག
ཡང་ཨ་རིའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། མཇལ་འཕྲད་དེ་ནི་ཕྱི་ཟླ་༩་ཚེས་༩་ཉིན་ཨ་རིའི་སྲིད་འཛིན་(Biden)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་བར་ཞལ་པར་བརྒྱུད་བཀའ་མོལ་གནང་བ་ལྟར། ཡུལ་གྲུ་གཉིས་བར་འགྲན་རྩོད་ཡོད་པ་དེ་འགན་ཁུར་ལྡན་པའི་ཐོག་ནས་བཀོད་བྱུས་བྱ་རྒྱུ་དོན་དུ་གཉེར་ཕྱིར་ཡིན་ལུགས་གསུངས་འདུག ཡང་རྒྱ་ནག་གི་ཕྱོགས་ནས་ད་ཐེངས་མཇལ་འཕྲད་སྐབས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་གནད་དོན་ཁག་གི་ཐད་བསམ་ཚུལ་བརྗེ་རེས་ཆེད་ཡིན་ཚུལ་བརྗོད་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།