ཁེ་ཎ་ཌའི་ནང་བོད་མི་གཙོས་ཚོགས་པ་ཁག་བརྒྱད་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག

2021.12.13
Share on WhatsApp
Share on WhatsApp
ཁེ་ཎ་ཌའི་ནང་བོད་མི་གཙོས་ཚོགས་པ་ཁག་བརྒྱད་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག ཁེ་ཎ་ཌའི་ནང་བོད་མི་གཙོས་ཚོགས་པ་ཁག་བརྒྱད་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས། ༡༢།༡༢།༢༡
ཨྱོན།/RFA

འདི་ཟླའི་ཚེས་༡༢་ཉིན་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཡུ་གུར་བ་དང་། ཧོང་ཀོང་སོགས་ཚོགས་པ་ཁག་བརྒྱད་མཉམ་རུབ་ཀྱི་ཐོག་གྲོང་ཁྱེར་ཀྱི་ཚོགས་ཁང་རྙིང་པ་(Old city hall)་མདུན་དུ། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་གཙོས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཐད་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
སྐབས་དེར་མི་གྲངས་བརྒྱ་ཕྲག་ཁ་ཤས་མཉམ་ཞུགས་གནང་འདུག་ལ། ཊོ་རོན་ཊོ་ས་གནས་གཞོན་ནུའི་ཚོགས་མི་ཚེ་དབང་དོན་འགྲུབ་ལགས་ཀྱིས་འདི་གའི་གསར་འགོད་པར་གསུངས་ན། ད་ཐེངས་ཀྱི་ལས་འགུལ་དེ་གཙོ་བོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། རྒྱ་ནག་གཞུང་གིས་དུས་རྒྱུན་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་བརྟེན། གཙོ་བོ་ཁེ་ཎ་ཌའི་རྩེད་འགྲན་པ་ཚོ་རྒྱ་ནག་ནང་འཚོགས་རྒྱུའི་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་པ་མཉམ་ཞུགས་མི་གནང་རྒྱུའི་འབོད་སྐུལ་དང་། རྒྱ་གཞུང་གིས་འགྲོ་བ་མི་ཡི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དགོས་པ། དེའི་ཆེད་ཁེ་ཎ་ཌ་གཞུང་དང་རྒྱལ་སྤྱིའི་གཞུང་བཅས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་ཐབས་ཡོང་རྒྱུའི་ཆེད་དུ་ཡིན་པ་རེད།

canada tibet.jpg
དེ་རེས་ཀྱི་ལས་འགུལ་སྐབས་ཡུ་གུར་བ་དང་། ཧོང་ཀོང་། ཐེ་ཝན། རྒྱ་ནག་དམངས་གཙོ་དོན་གཉེར་བ་བཅས་ཚོགས་པ་ཁག་བརྒྱད་ཀྱི་འགོ་ཁྲིད་དང་མགྲིན་ཚབ་པ་རྣམ་པས་གཅིག་རྗེས་གཉིས་མཐུད་དུ་སོ་སོའི་ལུང་པའི་ནང་རྒྱ་ནག་དམར་ཤོག་གཞུང་གིས་དམ་དྲག་དྲག་གནོན་བྱེད་བཞིན་པའི་སྲིད་ཇུས་ཐག་ཐེར་འདོན་དང་། གནས་སྟངས་དེའི་འོག་གནས་ཡུལ་དེ་དག་གི་མི་རྣམས་ལ་འགྲོ་བ་མི་ཡི་ཐོབ་ཐང་དང་རང་དབང་མེད་པ་གསལ་བཏོན་དང་སྦྲགས་རྒྱབ་སྐྱོར་དགོས་པའི་རེ་སྐུལ་གཏམ་བཤད་གནང་ཡོད་པ་རེད།
ལས་འགུལ་དེའི་ངོ་རྒོལ་སྐད་འབོད་དང་གཏམ་བཤད་རིམ་པ་རྫོགས་རྗེས། ཁེ་ཎ་ཌའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་བར་ཞི་བའི་གོམ་བགྲོད་གནང་ནས། ཁེ་ཎ་ཌའི་རྩེད་འགྲན་པ་ཚོ་རྒྱ་ནག་ནང་འཚོགས་རྒྱུའི་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ནང་མཉམ་ཞུགས་མི་གནང་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད།

གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎