མདོ་སྨད་རྨ་ལྷོ་ཁུལ་གཙན་ཚ་རྫོང་དུ་མཆོད་འབུལ།
2012.12.16
༄༅༎ཉེ་ལམ་བོད་མདོ་སྨད་རྨ་ལྷོ་ཁུལ་གཙན་ཚ་རྫོང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མ་ཎི་དུང་སྒྲུབ་དང་བསྔོ་སྨོན་མཆོད་འབུལ་གནང་ཡོད་འདུག
རྨ་ལྷོ་ཁུལ་གཅན་ཚ་རྫོང་དང་སྤྱི་ལེ་བཅོ་ལྔ་ཙམ་གྱི་མཚམས་སུ་ཡོད་པའི་ཀླུ་རྒྱལ་སྡེ་བའི་མ་ཎི་ཁང་དུ། ས་གནས་ཀྱི་བླ་མ་ཨ་ལགས་ལྷ་སྡེ་རིན་པོ་ཆེ་ཚོགས་མགོན་དུ་གདན་ཞུའི་ཐོག་ གཅན་ཚ་ས་གནས་སེར་སྐྱ་མི་མང་དང་། ས་གནས་གཞན་ནས་ཡོང་བའི་བོད་མི་བཅས་མི་མང་ ༤༠༠༠ ཙམ་འདུ་འཛོམས་གནང་སྟེ། ཉིན་གསུམ་རིང་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྣམས་ཀྱི་སྐུ་པར་བཤམས་པ་དང་མཆོད་མེད་བསྒྲོན་ཏེ། བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་མ་ཎི་དུང་སྒྲུབ་ཆེན་མོ་དང་བསྔོ་བ་སྨོན་མཆོད་འབུལ་རྒྱ་ཆེ་ཞིག་ཚོགས་ཡོད་ལུགས་བོད་ཀྱིས་དུས་བབ་ཀྱིས་དེ་རིང་གནས་ཚུལ་སྤེལ་འདུག ཐེངས་འདིའི་མ་ཎི་དུང་སྒྲུབ་ཆེན་མོ་ཚོགས་པའི་ཐད་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་ཀྱང་། ས་གནས་མི་མང་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འབད་པ་བྱས་མཐར་ཚོགས་ཐུབ་པ་བྱུང་ཡོད་འདུག་མོད། མ་འོངས་པར་སྡེ་བ་གཞན་དག་གིས་རིམ་པས་མ་ཎི་དུང་སྒྲུབ་ཆེན་མོ་ཚོགས་འཆར་ཡོད་པའི་ཐད་རྒྱ་གཞུང་གིས་བཀག་འགོག་བྱ་རྒྱུའི་ཉེན་ཁ་བཏང་ཡོད་འདུག།