༧གོང་ས་མཆོག་ནས་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཡིན་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ།

2018-11-17
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༨།༡༡།༡༧།ཉི་ཧོང་གི་གྱོན་ཆས་དཔེ་གསར་འགྲེམས་སྟོན་པ་ཨའི་ཏོ་མི་ན་གྰ་དང་གློག་བརྙན་ཁྲབ་ཁྲིད་པ་ཀེན་ཇི་ ཀོ་ཧ་ཤི།
༢༠༡༨།༡༡།༡༧།ཉི་ཧོང་གི་གྱོན་ཆས་དཔེ་གསར་འགྲེམས་སྟོན་པ་ཨའི་ཏོ་མི་ན་གྰ་དང་གློག་བརྙན་ཁྲབ་ཁྲིད་པ་ཀེན་ཇི་ ཀོ་ཧ་ཤི།
དགའ་ལྡན་ཕོ་བྲང༌།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་གྱིས་མཛད་འཕྲིན་སྐྱོང་གནང་མཛད་བཞིན་པ་ལྟར།

དེ་རིང་རེས་གཟའ་སྤེན་པའི་ཉིན། ༧གོང་ས་མཆོག་གིས་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་བསྩལ་གནང་མཛད་འདུག ༧གོང་ས་མཆོག་གང་དུ་ཆིབས་བསྒྱུར་གནང་ཡང་ཐོག་མར་འཛམ་གླིང་འདི་ཐོག་གི་མི་འབོར་ཐེར་འབུམ་བདུན་ཚང་མ་ཕྱིའི་ལུས་པོ་དང་ནང་བསམ་བློ་དེ་བཞིན་སེམས་འཚོར་ཐོག་ནས་ང་ཚོ་ཚང་མ་གཅིག་གྱུར་ཡིན་པ་བཀའ་གནང་བཞིན་ཡོད་པ་གསུངས་ཏེ། འགྲོ་བ་མི་ཚང་མ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ཀྱི་ཡོད་པ་གཅིག་མཚུངས་ཡིན་པ་མ་ཚད། ས་སྟེང་འདི་ཐོག་གི་དུད་འགྲོ་བུ་སྲིན་སྲོག་ཆགས་ཚང་མ་བདེ་བ་འདོད་པ་ལས། སྡུག་ངལ་མི་འདོད་པ་ཤ་ཏག་རེད་ཅེས་བཀའ་གནང་འདུག དུད་འགྲོ་སེམས་ཅན་དང་མི་འདྲ་བར་མིའི་རིགས་ལ་ཤེས་རབ་དང་བློ་གྲོས་ཡོད་པ་དེ་བེད་སྤྱོད་ཡག་ས་ནས་གཏོང་རྒྱུ་གལ་ཆེ་ཡིན་པའི་སྐོར་བཀའ་གནང་འདུག འགྲོ་བ་མིའི་རིགས་དེ་བཞིན་རང་བཞིན་གྱིས་གཅན་གཟན་སྟག་ནང་བཞིན་སོ་རྣོ་པོ་དང་ཞེད་སྣང་ཚ་པོ་མེད་དུས། རང་བརྒྱུད་ཞི་དུལ་དགོས་ཀྱི་ཡོད་ལ། མིའི་ཤེས་རབ་དང་བློ་གྲོས་དེའང་བཟང་ཕྱོགས་ནས་བེད་སྤྱོད་བཏང་སྟེ་འཛམ་གླིང་ནང་དམག་འཁྲུག་དང་རྡུལ་ཕྲན་གྱི་གཏོར་རྒོལ་སོགས་འགོག་ཐབས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་གནང་འདུག གཞན་ཡང༧གོང་ས་མཆོག་གིས་སློབ་གསོ་གལ་ཆེན་རང་བཞིན་ཐད་བཀའ་གནང་སྐབས།  ད་ལྟ་བསླབ་གཞི་གཙོ་བོར་འཛིན་པའི་སློབ་གསོའི་མ་ལག་གིས་སྙིང་བརྗེ་ཅན་གྱི་མི་ཞིག་གསོ་སྐྱོང་བྱེད་ཐུབ་མེད། དེང་རབས་སློབ་གསོས་ཕྱིའི་རིན་ཐང་གི་ལྟ་བ་གཙོ་བོ་འཛིན་པས། སློབ་གསོའི་མ་ལག་དེ་བརྒྱུད་ནས་ཐོན་པའི་མི་རབས་དེ་ཕྱི་དངོས་པོར་དགའ་ཞེན་ཆེ་བའི་མི་རབས་ཤིག་ཆགས་ཡོད་དུས་དེ་ལྟར་མི་ཡོང་བའི་ཆེད་དུ་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་མི་བཟང་པོ་ཞིག་བཟོ་དགོས་པའི་སློབ་གསོ་སྤྲོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་བཀའ་སློབ་ལམ་སྟོན་ཕེབས་འདུག རྒྱལ་ས་ཀྲོག་ཡོའི་ཧི་བི་ཡ་ཚོགས་ཁང་ཆེན་མོའི་ནང་གོང་ཞུས་༧གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་གནང་ཡག་གི་མཛད་རིམ་དེ་གོ་སྒྲིག་ཞུ་མཁན་ཤེས་རབ་སྐྱེད་ཚལ་གླིང་སློབ་གཉེར་ཁང་དང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་གཉིས་ཡིན་པ་རེད། སང་ཉིན་རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆི་བ་ས་གནས་སུ་ཤེས་རབ་སྐྱེད་ཚལ་གླིང་སློབ་གཉེར་ཁང་དབུ་འབྱེད་དང་ཆབས་ཅིག་ཉི་ཧོང་མང་ཚོགས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་བཀྲིན་བསྐྱང་གནང་མཛད་རྒྱུ་ཡིན་འདུག།

གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་དང་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།