ཨ་རིའི་ཕོ་བྲང་དཀར་པོའི་ནང་མཐུན་གྲོགས་རྒྱལ་ཁབ་བཞིའི་དབུ་ཁྲིད་ལྷན་ཚོགས་གནང་།

2021.09.24
ཨ་རིའི་ཕོ་བྲང་དཀར་པོའི་ནང་མཐུན་གྲོགས་རྒྱལ་ཁབ་བཞིའི་དབུ་ཁྲིད་ལྷན་ཚོགས་གནང་། ཨ་རིའི་ཕོ་བྲང་དཀར་པོའི་ནང་མཐུན་གྲོགས་རྒྱལ་ཁབ་བཞིའི་དབུ་ཁྲིད་ལྷན་ཚོགས་(QUAD)་གནང་སྐབས། ༠༩།༢༤།༢༡
AP

ཨ་རིའི་སྲིད་འཛིན་གྱི་མགྲོན་འབོད་ལྟར་ཕོ་བྲང་དཀར་པོའི་ནང་མཐུན་གྲོགས་རྒྱལ་ཁབ་བཞིའི་དབུ་ཁྲིད་ལྷན་ཚོགས་གནང་ནས་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་སྲུང་སྐྱོབ་སྐོར་སོགས་བཀའ་བསྡུར་གནང་འདུག
ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་གྱིས་མགྲོན་འབོད་གནང་བ་བཞིན། འདི་ཚེས་༢༤་ཉིན་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་། སྲིད་འཛིན་འཇཱོ་སྦཡེ་ཌེན་དང་། རྒྱ་གར་གྱི་སྲིད་བློན་མོ་དྷི། ཉི་ཧོང་གི་སྲིད་བློན་(Yoshihide Suga) ཨོསི་ཊརེ་ལི་ཡའི་(Australia)་སྲིད་བློན་(Scott Morrison)་བཅས་(QUAD)་ཞེས་མཐུན་གྲོགས་རྒྱལ་ཁབ་བཞིའི་དབུ་ཁྲིད་ཀྱི་ལྷན་ཚོགས་གནང་ཡོད་པ་རེད།
ལྷན་ཚོགས་ཐོག་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་གྱིས། ཕྱི་ཟླ་༣་པའི་ནང་མཐུན་གྲོགས་རྒྱལ་ཁབ་བཞིའི་ཚོགས་འདུའི་ཐོག་བཀའ་མོལ་བྱུང་བ་རྣམས་ལེགས་གྲུབ་ཡོང་བཞིན་པ་དང་། རྒྱལ་ཁབ་བཞི་པོ་མང་གཙོའི་ལམ་ལུགས་ཡིན་པའི་ངོ་བོ་གཅིག་གྱུར་ཡིན་པའི་ཆ་ནས། ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་དུ་ལས་དོན་བསྒྲུབ་སྟངས་གསལ་པོ་ཤེས་ཀྱི་ཡོད་པ་རེད། དེ་བས་མཉམ་འདུས་ཀྱི་ནུས་པ་འདི་བརྒྱུད་ནས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་མ་འོངས་ལོ་ཤས་ནང་ལས་དོན་སྣ་མང་སྤེལ་ཐུབ་པའི་རེ་བ་ཡོད་པ་གསུངས་ཡོད་པ་རེད།
ཨོསི་ཊརེ་ལི་ཡའི་(Australia)་སྲིད་བློན་(Scott Morrison)་གྱིས། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དེའི་ནང་གཞན་གྱི་བཙན་ཤེད་འགོག་པ་དང་། རྒྱལ་ཁབ་རང་རང་ལ་མངའ་ཁོངས་ཡོད་པ་ལ་དོ་ཕོག་མེད་པར། དཀའ་ངལ་ཇི་བྱུང་ཞི་བའི་ངང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་སེལ་ཐབས་བྱ་དགོས་པ་གསུངས་ཡོད་པ་རེད།
ལྷན་ཚོགས་འདི་བཞིན་སྲིད་འཛིན་སྦཡེ་ཌེན་གྱིས་འདས་པའི་ཟླ་བ་དྲུག་ནང་ཐེངས་གཉིས་སྐོང་ཚོགས་གནང་བ་དང་། དེས་རྒྱ་ནག་ལ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སྲུང་སྐྱོབ་གལ་ཆེན་པོ་ཇི་ཙམ་ཡིན་པ་དང་། མཐུན་གྲོགས་ཀྱི་རྒྱལ་ཁབ་ཚོས་མཉམ་འབྲེལ་ངང་གདོང་ལེན་བྱེད་རྒྱུའི་བརྡ་ལན་གསལ་པོ་སྤྲད་པ་ཞིག་ཆགས་པ་རེད་ཅེས། རྒྱ་གར་གྱི་(Observer Reserve Foundation)་ཉམས་ཞིབ་ཁང་གི་རྒྱལ་སྲུང་ཉམས་ཞིབ་པ་སློབ་དཔོན་ཧརྴ་པནྟ་ལགས་ཀྱིས་གསུངས་བྱུང་།
(QUAD)་དང་འདྲ་བར་ཨ་རི་དང་། དབྱིན་ཡུལ། ཨོསི་ཊརེ་ལི་ཡའི་བར་ཡང་(AUKUS)་ཞེས་མཐུན་ཕྱོགས་ཀྱི་མཉམ་འདུས་ཚོགས་པ་ཞིག་བཙུགས་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གིས་མཚོ་དམག་གི་དེང་རབས་དམག་འཐབ་ཡོ་ཆས་བཟོ་བསྐྲུན་བྱེད་བཞིན་པར་གདོང་ལེན་ཁ་གཏད་གཅོག་རྒྱུའི་དམག་འཐབ་ཐབས་བྱུས་ཆེད་དུ་ཡིན་ཚུལ་བཤད་བཞིན་པ་རེད།
ད་རེས་ཀྱི་ཚོགས་འདུ་བརྒྱུད་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་ཐེར་འབུམ་གཅིག་བཟོ་རྒྱུའི་ཐག་གཅོད་བྱུང་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་ནད་ཡམས་ཀྱི་དཀའ་ངལ་འདིའི་རིང་ཁྱབ་ཁོངས་ཀྱི་ས་ཁུལ་ལ་རོགས་སྐྱོར་གནང་རྒྱུ་ཡིན་པ་དང་། འགྲོ་བ་སྤྱིའི་བདེ་རྩར་ཕན་པའི་ཕྱག་ལས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་དམག་དོན་རྒྱ་སྐྱེད་ཀྱིས་མཚོ་གླིང་མང་པོ་ཞིག་གི་བདག་དབང་ཐོབ་ཐབས་བྱེད་བཞིན་པ་དང་། ཉི་ཧོང་དང་། ཧྥི་ལི་པིནསི། ཝིཡེཏ་ནམ་ལ་སོགས་པ་ཡུལ་གྲུ་མང་པོས་སེམས་ཚབས་བྱེད་གཞིར་གྱུར་ཡོད་པ་མ་ཟད། ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་གར་དང་ས་མཚམས་ཀྱི་གནད་དོན་ཐད་རྩོད་རྙོག་བཟོ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་རེད།
ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ཀའི་ངོས་ནས། རྒྱ་ནག་ནི་ཨ་རི་དང་གདོང་ཐུག་བྱེད་མཁན་གྱི་ཡུལ་གྲུ་གཙོ་བོ་ཞིག་ཏུ་ངོས་འཛིན་གྱིས། རྒྱ་ནག་ནི་དུས་རབས་འདིའི་ནང་ཨ་རིའི་ཕྱི་སྲིད་དང་ཚོང་དོན། དམག་དོན་དང་བདེ་འཇགས་སོགས་ཀྱི་སྲིད་བྱུས་ཀྱི་དམིགས་ཡུལ་འཛིན་ས་གཙོ་བོ་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གཞན་ད་རེས་ཀྱི་ལྷན་ཚོགས་སྐབས། རྒྱལ་ཁབ་སོ་སོའི་མཐའ་མཚམས་བརྒལ་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་མཉམ་འབྲེལ་གྱིས་གདོང་ལེན་བྱེད་ཕྱོགས་དང་། ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་བགོ་འགྲེམས་བྱེད་ཕྱོགས། ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སྲུང་སྐྱོབ་སོགས་ཀྱི་ཐད་བཀའ་བསྡུར་གནང་ཡོད་པ་རེད།
རྒྱལ་ཁབ་བཞིའི་མཐུན་ཚོགས་(QUAD)་ཞེས་བ་ནི་༢༠༠༤་ལོར་ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོའི་ནང་ས་ཡོམ་གྱི་རྐྱེན་གྱིས་རྒྱ་མཚོའི་རྦ་རླབས་འཕྱུར་བའི་གནོད་འཚེའི་འོག་མི་གྲངས་འབུམ་ཕྲག་བརྒལ་བར་གནོད་སྐྱོན་བྱུང་སྐབས་ངལ་སེལ་ཆེད་བཙུགས་པའི་མཉམ་མཐུན་གྱི་ཚོགས་པ་ཞིག་ཡིན་ཡང་། རིམ་པས་མངའ་ཁུལ་དེའི་ནང་རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ཚུལ་མིན་བྱ་སྤྱོད་སྤེལ་བ་སོགས་བ་བརྟེན་༢༠༡༧་ནས་བཟུང་མཐུན་ཚོགས་དེ་རྒྱ་ནག་ལ་གདོང་ལེན་བྱེད་མཁན་ཞིག་ཏུ་གྱུར་ཡོད་པ་རེད།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎