གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་སྒོ་བརྒྱབས་པའི་སྐོར་ལ་ཉམས་ཞིབ་པའི་དཔྱད་གླེང་གྱི་ཚོགས་འདུ་གནང་པ།
བོད་མདོ་སྨད་ཕྱོགས་སུ་ཡོད་པའི་སྙན་གྲགས་ཅན་གྱི་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭ་དེ་བཞིན་རྒྱ་ནག་གཞུང་གིས་བཙན་དབང་གིས་སྒོ་བརྒྱབས་བཅུག་པ་དེས། བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་རྣམས་ཀྱིས་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་པ་དང་འབྲེལ། ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༩ ཉིན་བོད་ཀྱི་་སྲིད་བྱུས་ཉམས་ཞིབ་ཁང་གིས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གྲྭ་སྒོ་བརྒྱབ་དགོས་པའི་རྒྱུ་རྐྱེན་དང་དེའི་ཤུགས་རྐྱེན་སྐོར་དཔྱད་གླེང་གི་ལས་རིམ་ཚོགས་ཡོད་ཅིང་། བགྲོ་གླེང་དེའི་ཐོག་བོད་མི་མང་སྤྱི་འཐུས་དང་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་པདྨ་མཚོ་ལགས་དང་། དེ་སྔ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭའི་སློབ་ཟུར་ཞི་བདེ་ཟླ་བ་ལགས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་བཅས་ལྷན་བཞུགས་ཀྱིས། རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭའི་སློབ་གསོའི་བྱ་གཞག་ལ་འཕྲད་པའི་དཀའ་ངལ་དང་། སློབ་གླིང་གི་ཁོར་ཡུག དེ་བཞིན་རྭ་རྒྱ་སློབ་གླིང་སྒོ་བརྒྱབས་པའི་དོན་རྐྱེན་ལས་བོད་ཡིག་སློབ་གསོའི་མ་འོངས་འཕེལ་རིམ་བཅས་ཀྱི་སྐོར་བགྲོ་གླེང་གསུང་བཤད་གནང་སོང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ་རྭ་རྒྱར་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་སྒོ་བརྒྱབས་པའི་རྒྱབ་ལྗོངས་དང་དམིགས་ཡུལ་གྱི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། རྭ་རྒྱ་སློབ་གྲྭ་སྒོ་བརྒྱབས་པ་ནི་ཉེ་ལམ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་མཚོ་སྔོན་ཕྱོགས་སུ་ཕྱིན་པའི་འབྲས་བུ་རེད་ཅེས་དང་། བོད་ནང་གི་སློབ་གྲྭ་ཕལ་ཆེ་བ་རྒྱ་ནག་གཞུང་གིས་སྒོ་བརྒྱབས་ཟིན་པས། ད་ལྟ་ཕལ་ཆེར་སྒོ་རྒྱག་རྒྱུ་ལྷག་པའི་སློབ་གྲྭ་གཞན་གང་ཡང་མེད་སྐོར་གསུངས་པ་དང་སྦྲགས། བཙན་བྱོལ་དུ་གནས་བཞུགས་བོད་མི་རྒན་གཞོན་ཚང་མས་རྒྱལ་སྤྱིའི་ཁྲོད་བོད་དོན་ཞུ་གཏུག་གནང་གལ་ཆེ་བའི་སྐོར་གསུངས་བྱུང་།
མཛད་སྒོའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་བརྒྱུད། རྒྱ་ནག་གཞུང་གིས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སྒོ་བརྒྱབས་པ་སོགས་བོད་ཀྱི་མི་རིགས་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད། དེ་བཞིན་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭས་བོད་མི་རིགས་ཀྱི་སློབ་གསོའི་ཐད་རླབས་ཆེན་གྱི་ཕྱགལས་བསྒྲུབས་ཡོད་པར་བཀྲིན་ཆེ་ཞུ་རྒྱུ་དང་། བོད་ཀྱི་རིག་གཞུང་རྩ་མེད་གཏོང་ཐབས་བྱེད་པ་དེས་འཛམ་གླིང་ཁྱོན་ཡོངས་ལ་གྱོང་གུན་ཆེན་པོ་བྱུང་གྱི་ཡོད་པ་སོགས་ཀྱི་བརྡ་ལན་གནང་རྒྱུ་ཡིན་པ་གསུངས་སོང་།
བོད་མི་མང་སྤྱི་འཐུས་དང་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་པདྨ་མཚོ་ལགས་ཀྱིས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་རྭ་རྒྱ་གངས་ལྗོངས་སློབ་གྲྭ་དེ་བཞིན་གསར་འཛུགས་ཐད་སྐུ་ལས་ཇི་ལྟར་བསྐྱོན་མིན་དང་། གསར་འཛུགས་ཀྱི་བརྒྱུད་རིམ། སློབ་གྲྭའི་བསླབ་གཞི། ལྷག་པར་རྒྱ་ནག་གཞུང་གིས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སློབ་གྲྭའི་ཐོག་འཛིན་པའི་སྲིད་བྱུས་བཅས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་པ་མ་ཟད། ཕྱི་ལོ་༡༩༩༨ ལོ་ནས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་འགྲིམས་པའི་སློབ་ཟུར་ཞི་བདེ་ཟླ་བ་ལགས་ཀྱིས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭའི་བསླབ་གཞི་ངོ་སྤྲོད་དང་འབྲེལ། རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ལྟ་བུའི་གྲྭ་དཀྱུས་མ་ཞིག་གིས་བོད་པའི་སློབ་ཕྲུག་མང་པོར་བོད་ཀྱི་སྐད་ཡིག་དང་རིག་གནས་སྦྱོང་རྒྱུར་གོ་སྐབས་བསྐྲུན་ཡོད་པ་སོགས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཐད་རླབས་ཆེན་གྱི་ཕྱག་ལས་གནང་ཡོད་པ་ལྟར། གལ་ཏེ་བོད་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་ཤ་ཚ་ཡོད་ན་སྐད་རིག་ཡུན་རིང་གནས་ཐབས་སུ་འབད་དགོས་པ་སོགས་གསུངས་སོང་།
དཔྱད་གླེང་གི་ཚོགས་འདུ་འདིའི་ཐོག་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས་བཅས་ཀྱིས་གསུང་བཤད་སྐབས། རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭའི་གལ་གནད་དང་། རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་རྣམས་སྒོ་བརྒྱབས་ཏེ་རྒྱ་ནག་གི་གཞུང་གཉེར་གཏན་འཇགས་སློབ་གྲྭར་ཆེད་གཏོང་གི་སྲིད་བྱུས། དེ་བཞིན་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་ཀྱིས་འགན་འཁུར་བླང་ཕྱོགས་སོགས་གདུང་སེམས་མཉམ་བསྐྱེད་རྐྱང་པ་ཙམ་གྱིས་མི་འགྲིག་པར། བོད་མི་སྒེར་དང་སྤྱི་ཡོངས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་དམིགས་བསལ་ཐུགས་འཁུར་བཞེས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་གསུངས་སོང་།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་མི་རིགས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་སོགས་དྲིལ་བསྒྲགས་ཐེངས་མང་བྱེད་བཞིན་ཡོད་ཀྱང་། ཐེངས་འདིར་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་སྒོ་བརྒྱབས་པ་དེས་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་སྟོན་དང་། རྒྱ་ནག་གཞུང་གི་སྲིད་བྱུས་དངོས་གང་ཡིན་པ་དེ་མངོན་གསལ་ཤེས་རྟོགས་ཐུབ་ཡོད་པ་གསུངས་སོང་། གཞན་ཡང་བགྲོ་གླེང་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་འཕར་བསྟན་འཛིན་པདྨ་ལགས་དང་། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པའི་སྐུ་ཚབ་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་སོགས་མི་ཉུང་བ་ཞིག་ཀྱིས་མཉམ་ཞུགས་གནང་སོང་།
རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭ་འདི་ནི་རྒྱ་ནག་གཞུང་གི་ཆོག་མཆན་ཡོད་པའི་ཐོག་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་གསར་འཛུགས་གནང་པ་ཞིག་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། དེང་རབས་རྒྱ་ནག་གཞུང་གི་འགན་བབས་སློབ་གསོའི་སློབ་ཁྲིད་བཅས་ཆ་ཚང་ཡོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་སུ་ཆགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་དེར། བར་སྐབས་ནས་དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས་དང་ལྡོང་ཡོན་ཏན་རྒྱ་མཚོ། མང་རའི་རྒྱ་གྲོལ་སོགས་བོད་ཀྱི་ཤེས་རིག་ལ་མཁས་པ་ཕུལ་བྱུང་ཅན་མང་པོ་འཛོམས་ཡོད་པར་བརྟེན། བོད་མདོ་དབུས་ཁམས་གསུམ་གྱི་གཞོན་སྐྱེས་དང་ནང་སོག་གི་སོག་པོ་དང་རྒྱ་རིགས་བཅས་ཀྱིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་སློབ་གཉེར་བྱ་ཡུལ་གྱི་བསྟི་གནས་སྙན་གྲགས་ཆེ་ཤོས་ཤིག་ཀྱང་ཡིན་པ་རེད།
ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་སྒེར་གཉེར་སློབ་གྲྭ་གྲགས་ཅན་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་དང་། རྟ་བྲག་དྭ་ཕྲུག་སློབ་གྲྭ་སོགས་སུ་སློབ་གྲྭའི་ནང་གྲྭ་བ་དགེ་རྒན་ཡོང་མི་ཆོག་པ་དང་། ཡོང་བཅུག་ན་སློབ་གྲྭ་སྒོ་རྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་རེད་ལ། སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་དོན་གཙོ་བོ་ལོ་ལྔ་ཚན་བཅུ་གསུམ་གྱི་ལས་འཆར་ཞེས་པའི་ནང་། སྤྱི་ལོ་ ༢༠༢༥ ལོ་སླེབས་དུས་སྤྱི་ཁྱབ་སྐད་ཡིག་གམ་རྒྱ་སྐད་དེ་བཞིན་རྒྱལ་ཡོངས་ཀྱི་མི་འབོར་བརྒྱ་ཆ་ ༨༥ ཡིས་བེད་སྤྱོད་གཏོང་ཐུབ་པ་བྱ་རྒྱུ་དང་། ཕྱི་ལོ་ ༢༠༣༥ སླེབས་སྐབས་སྤྱི་ཁྱབ་སྐད་ཡིག་རྒྱ་སྐད་དེ་བཞིན་གྲོང་གསེབ་དང་བཅས་བརྒྱ་ཆ་ ༡༠༠ ཡོངས་ཁྱབ་བཟོ་རྒྱུ་ཡིན་པ་བསྒྲགས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་གི་འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་བའི་ཁྲོད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་འདས་པའི་ལོ་གསུམ་ནང་། མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་། རྨ་ཆེན་རྫོང་གཅེས་ཕྲུག་སློབ་གྲྭ་སྒོ་བརྒྱབ་ཡོད་པ་དང་། གཞན་ཡང་ཕྱི་ལོ་ ༢༠༢༢ ལོར་དཀར་མཛེས་ཁུལ་བྲག་མགོ་རྫོང་དགེ་ལྡན་ནང་བསྟན་སློབ་གྲྭ་དང་། རྫ་སེར་ཤུལ་རྫོང་ནས་ཕན་བདེ་གཅེས་སྐྱོང་སློབ་གྲྭ ཕྱག་ཚྭ་ལྟེ་བའི་སྒེར་གཉེར་སློབ་ཆུང་། གཞན་ཡང་དཀར་མཛེས་ཁུལ་ཏྲེ་ཧོར་དར་རྒྱས་རོང་པ་ཚ་ཡུལ་ཚོའི་རྒྱལ་བསྟན་དགེ་རྩ་སློབ་གྲྭ་སོགས་སྒོ་བརྒྱབ་ཡོད་པ་དང་། སློབ་གྲྭ་དེ་དག་ལ་དེ་སྔོན་རྒྱ་ནག་གཞུང་འབྲེལ་ངོས་ནས་གཉེར་ཆོག་པའི་ཆོག་མཆན་ཚང་མ་སྤྲད་ཡོད་ཀྱང་། སྒེར་གཉེར་སློབ་གྲྭ་ཁག་གི་ནང་བོད་ཡིག་ཆེད་སྦྱོང་གི་སློབ་གསོ་སྤྲོད་བཞིན་ཡོད་པས་སྒོ་བརྒྱབ་པ་ཡིན་པ་བོད་ནང་གི་འབྲེལ་ཡོད་དགེ་རྒན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་སློབ་གྲྭ་ཁག་དེ་དག་ནི། མང་ཆེ་བ་སློབ་ཆུང་སློབ་གྲྭ་ཡིན་པ་དང་། དཔེར་ན་ཕྱི་ལོ་༢༠༢༡ ཟླ་ ༨ པའི་ནང་སྒོ་བརྒྱབ་པའི་རྒྱལ་བསྟན་དགེ་རྩ་སློབ་གྲྭ་ལྟ་བུར་མཚོན་ན། སློབ་ཆུང་འཛིན་རིམ་དང་པོ་ནས་དྲུག་པ་བར་ཡོད་པ་དང་། སློབ་གྲྭའི་སློབ་ཚན་ལ་དབྱིན་ཡིག་དང་རྒྱ་ཡིག་གི་སྐད་ཡིག་ལས། རྩིས་དངོས་རྫས་གསུམ་གྱི་སློབ་ཚན་ཚང་མ་བོད་ཀྱི་སྐད་ཡིག་ནང་དུ་ཡོད་པ་དང་། སློབ་གྲྭ་དེ་སྒོ་རྒྱག་སྐབས་བོད་རིགས་རྐྱང་གི་སློབ་ཕྲུག་ ༦༠༠ ལྷག་ཡོད་པའི་སློབ་མ་ཚང་མ་ཏྲེ་ཧོར་རོང་པ་ཚྭ་གྲོང་ཚོའི་ལྟེ་བའི་གཞུང་གཉེར་སློབ་ཆུང་ནང་བཅུག་ཡོད་འདུག་ལ། གཞུང་གཉེར་སློབ་གྲྭ་དེར་སློབ་ཚན་ཚང་མ་རྒྱ་ཡིག་ནང་འཁྲིད་བཞིན་ཡོད་པ་མ་ཟད། སྒེར་གཉེར་སློབ་གྲྭའི་སློབ་མ་ཚོ་གཞུང་གི་སློབ་གྲྭ་ཁག་ཏུ་ཁྲིད་རྗེས། ཟླ་བ་གཉིས་ནས་གསུམ་བར་བཙན་ཐབས་ཀྱིས་ཁ་སྣོན་སློབ་གསོ་ཞེས་རྒྱ་ནག་གཞུང་འབྲེལ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་འདུག ཕ་མ་ཚོར་མཚོན་ན་འདོད་མོས་མེད་ཀྱང་ཚོགས་འདུ་འདྲ་མིན་བརྒྱུད་ངེས་པར་དུ་རང་གི་ཕྲུ་གུ་ཚོར་གཞུང་གི་སློབ་གྲྭ་ཁག་ཏུ་གཏོང་དགོས་པ་བཟོ་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་གིས་བརྗོད་བྱུང་།
ཕྱི་ལོ་ ༢༠༢༡ ཟླ་ ༨ ནང་སྒོ་བརྒྱབ་པའི་བྲག་མགོ་དགེ་ལྡན་ནང་བསྟན་སློབ་གྲྭའི་ནང་སློབ་ཆུང་འཛིན་རིམ་དྲུག་པ་བར་ཡོད་པ་དང་། སློབ་ཚན་ཚང་མ་བོད་ཀྱི་སྐད་ཡིག་དང་ནང་བསྟན་གཞུང་ལ་སློབ་གཉེར་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༠ ཉིན་སྒོ་བརྒྱབ་པའི་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་། དེ་བཞིན་རྨ་ཆེན་རྫོང་གཅེས་ཕྲུག་སློབ་གྲྭ་སོགས་སུ་བོད་ཀྱི་སྐད་ཡིག་རྐྱང་པའི་ཐོག་ནས་སློབ་འཁྲིད་བྱེད་བཞིན་པ་མ་ཟད། སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་རྗེས་སློབ་ཕྲུག་ ༧༠༠ ལྷག་ས་གནས་མགོ་ལོག་དར་ལག་རྫོང་གི་ཤང་གཞུང་གཉེར་སློབ་གྲྭའི་ནང་བཏང་ཡོད་པ་རེད།
ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས་ཕྱི་ལོ་ ༢༠༢༢ ལོར་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་གཅིག་དང་། རྨ་ཆེན་རྫོང་གི་སྒེར་གཉེར་སློབ་གྲྭ་གཉིས། གཅིག་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་བཅས་སྒོ་བརྒྱབ་ཡོད་ན་ཡང་། ད་ལྟའི་ཆར་སློབ་གྲྭ་ཁག་ཅིག་གི་མིང་ཤེས་རྟོགས་ཐུབ་ཀྱི་མི་འདུག
འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་གཅིག་གིས་སྒེར་གཉེར་སློབ་གྲྭ་ནས་གཞུང་གི་སློབ་གྲྭར་ཕྱིན་པའི་སློབ་ཕྲུག་ ༢༠༠ ལྷག་ལ་གཞུང་གཉེར་སློབ་གྲྭའི་ནང་སློབ་ཚན་དང་སློབ་ཁྲིད་སོགས་ག་འདྲ་ཡོད་མེད་ཐད་སྐད་ཆ་དྲིས་སྐབས། མང་ཆེ་བས་ཁ་གཅིག་གྲགས་ཀྱིས་རྒྱ་ཡིག་རྒྱ་སྐད་ལམ་ནས་སློབ་ཚན་ཁག་ཤེས་རྟོགས་ཡག་པོ་ཡོང་རྒྱུར་དཀའ་ངལ་བྱུང་གི་ཡོད་པ་བརྗོད་བྱུང་།།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།