རྒྱ་ནག་གིས་བོད་དང་རྒྱ་གར་བར་ལྕཊ་ལམ་འབྲེལ་རྒྱུའི་བསམ་འཆར།


2015-07-02
Share
མཚོ་བོད་ལྕགས་ལམ། མཚོ་བོད་ལྕགས་ལམ།
དྲ་བཤུས Chaoji

བོད་བརྒྱུད་རྒྱ་གར་ལ་ལྕགས་ལམ་འབྲེལ་ནས་དམིགས་བསལ་ཚོང་འབྲེལ་ལམ་བུའི་ས་ཁུལ་ཞིག་བསྐྲུན་རྒྱུར་རྒྱ་ནག་གཞུང་གིས་བསམ་འཆར་བཏོན་འདུག
དེ་ཡང་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་ནས་རྒྱ་གར་དབར་མེ་འཁོར་ལྕགས་ལམ་གསར་འཛུགས་ཀྱིས། ཡུལ་གྲུ་གསུམ་དབར་དམིགས་བསལ་ཚོང་འབྲེལ་ལམ་བུའི་ས་ཁུལ་ཞིག་བསྐྲུན་རྒྱུར་རྒྱ་ནག་གཞུང་གིས་བསམ་འཆར་བཏོན་ཡོད་པ་དང་། སྤྱི་ཟླ་༧ཚེས་༡ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ཨེ་ཤེ་ཡའི་ལས་དོན་སྡེ་ཚན་གྱི་འགན་འཛིན་གཞོན་པ་Huang Xilianཟེར་བས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་གར་གྱི་གསར་འགོད་པ་ཁག་ཅིག་ལ་གཏམ་བཤད་བྱས་པའི་ནང༌། འདི་ལོའི་ཕྱི་ཟླ་༥པའི་ནང་རྒྱ་གར་གྱི་སྲིད་བློན་Narendra Modiཡིས་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་གནང་བའི་སྐབས། རྒྱ་ནག་གཞུང་གིས་གོང་ཞུས་བསམ་འཆར་དེ་བཏོན་ཡོད་པར་། རྒྱ་གར་གྱི་སྲིད་བློན་གྱིས་ཀྱང་དེར་མོས་མཐུན་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བཏོན་ཡོད་པར་སོང༌། ཉེ་ལམ་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Wang Liདང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་Sushma Swarajརྣམ་གཉིས་མཇལ་འཕྲད་བྱུང་བའི་སྐབས་སླར་ཡང་གནད་དོན་འདིའི་ཐད་བཀའ་བསྡུར་གྱིས་བསམ་ཚུལ་རྩེ་མཐུན་བྱུང་ཡོད་སྟབས། ད་ཆ་རྒྱལ་ཁབ་གསུམ་དབར་འདི་ལྟབུའི་ཚོང་འབྲེལ་ས་ཁུལ་ཞིག་བསྐྲུན་རྒྱུའི་ཐབས་ལམ་འཚོལ་སྒྲུབ་ཆེད་དམིགས་བསལ་ཚོགས་ཆུང་ཞིག་གསར་འཛུགས་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་དང༌། གལ་སྲིད་རྒྱལ་ཁབ་གསུམ་དབར་མོས་མཐུན་བྱུང་བ་ཡིན་ཚེ། དམིགས་ཡུལ་འདི་འགྲུབ་རྒྱུའི་ཆེད་བོད་ཀྱི་ས་ཐོག་ནས་བལ་ཡུལ་བརྒྱུད་དེ་རྒྱ་གར་བར་རི་ལིའི་ལྕགས་ལམ་གསར་རྒྱག་བྱེད་རྒྱུའི་བསམ་བློ་གཏོང་གི་ཡོད་སྐོར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་དེ་ཡིས་བཤད་འདུག

གསར་འགོད་པ་ངག་ཆོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།