ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་དགུང་ལོ་ ༡༠༠ ཐོག་སྙུང་གཞི་གང་ཡང་མེད་པར་སྐུ་ལྷོད་བཞུགས་ངང་དགོངས་པ་རྫོགས་ཡོད་པ་རེད།

2022.05.24
Share on WhatsApp
Share on WhatsApp
ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་དགུང་ལོ་ ༡༠༠ ཐོག་སྙུང་གཞི་གང་ཡང་མེད་པར་སྐུ་ལྷོད་བཞུགས་ངང་དགོངས་པ་རྫོགས་ཡོད་པ་རེད།
Photo/Nicholas Vreeland

ཟླ་བ་འདིའི་ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པ་ཆུ་ཚོད་ ༦ ཙམ་ལ་ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་བཞུགས་སྒར་རྡ་རམ་ས་ལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཉེ་འགྲམ། རྒྱ་གར་མགྲོན་ཁང་ཞིག་ཏུ་སྙུང་གཞི་གང་ཡང་མེད་པར་སྐུ་ལྷོད་བཞུགས་ངང་དགོངས་པ་རྫོགས་ཡོད་པ་དང་། དེའི་སྐོར་སྐྱོང་བླ་རིན་པོ་ཆེའི་སློབ་མ་དང་ར་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་ཐུབ་བསྟན་ལྷུན་འགྲུབ་ཀྱིས་ས་གནས་ནས་འདི་གར་ཞལ་པར་ཐོག་གནས་ཚུལ་ངོ་སྤྲོད་གནང་བྱུང་ལ།
ཡང་ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་ནི་༸རྒྱལ་བའི་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ནས་དབང་ལུང་མན་ངག་མང་པོ་གསན་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་གྲོགས་ཤིག་ཡིན་པ་དང་། དགེ་ལུགས་པའི་བླ་སྤྲུལ་མང་པོས་ཁོང་གི་སྐུ་མདུན་ནས་དབང་ལུང་མན་ངག་ཞུས་མྱོང་ཡོད་པའི་ནང་ནས། ཁྲོམ་ཐོག་རིན་པོ་ཆེ་དང་རྒྱལ་བའི་༸ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། དྭགས་པོ་རིན་པོ་ཆེ་མཆོག་དང་བླ་མ་བཟོད་པ་རིན་པོ་ཆེ། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆའར་གྷེར་བཅས་ཡིན་ཞིང་། སྐྱོང་བླ་རིན་པོ་ཆེ་མཆོག་ནི་མདོ་སྔགས་གཉིས་ལ་མཁས་ཤིང་དབང་ལུང་མན་ངག་གི་མཛོད་འཛིན་ལྟ་བུ་ཞིག་ཡིན་པར་བརྟེན། ད་ལན་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་ཕེབས་པ་དེར་ཐུགས་ཕམ་བྱུང་སྐོར། ༧སྐུ་བཅར་རྣམ་གྲྭའི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་གསུང་གི་འདུག
ཕྱོགས་མཚུངས་གཞུང་ཞབས་ཟུར་པ་དང་སྐྱབས་རྗེ་༧ཡོངས་འཛིན་གླིང་བླ་བྲང་གི་ཕྱག་མཛོད་རྒན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་ནི་མདོ་སྔགས་ཀྱི་གཞུང་ལུགས་དང་བོད་ཀྱི་བརྡ་སྤྲོད་རིག་གནས་དང་རྩོམ་རིག་སོགས་ལ་མཁས་དབང་ཡིན་པ་མ་ཟད། བླ་མ་ཉམ་ཆུང་ཞིག་ཡིན་པ་དང་༧གོང་ས་མཆོག་ནས་སྐྱབས་རྗེ་༧ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གི་མཛད་རྣམ་ལྗགས་རྩོམ་གནང་སྐབས་སྐྱོང་བླ་རིན་པོ་ཆེ་མཆོག་གིས་ཕྱག་རོགས་ཞུས་ཡོད་པ་དང་། གཞན་སྐྱོང་བླ་རིན་པོ་ཆེ་མཆོག་ནས་༧གོང་ས་མཆོག་གི་མཛད་རྣམ་ཞིག་ལྗགས་རྩོམ་གནང་བ་དེ་རིང་མིན་དཔར་བསྐྲུན་འགྲེམ་སྤེལ་གནང་རྒྱུ་ཡིན་པའང་གསུང་གནང་བྱུང་།

Rato Rinpoche.jpg
Photo/Nicholas Vreeland

ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་ནི་བོད་མདོ་ཁམས་བྲག་གཡབ་ཏུ་ཕྱི་ལོ་ ༡༩༢༣ ལོར་འཁྲུངས་པ་དང་། དགུང་ལོ་ ༥ ལ་ཕེབས་སྐབས་༧རྒྱལ་བ་སྐུ་ཕྲེང་ ༡༣ ཆེན་པོས་སྐྱོང་བླ་སྐུ་ཕྲེང་ ༡༠ པའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། ཁོང་དགུང་ལོ་ ༦ བཞེས་སྐབས་རབ་ཏུ་བྱུང་ནས་ར་སྟོད་གྲྭ་ཚང་དུ་ཆོས་ཞུགས་གནང་བའི་རྗེས། རིམ་པས་འབྲས་སྤུངས་དུ་གཞུང་ཆེན་སློབ་གཉེར་གནང་སྟེ་ཁོང་དགུང་ལོ་ ༢༡ ཙམ་ལ་ཕེབས་སྐབས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་རྗེས། རྒྱུད་སྟོད་ལ་སྔགས་ཀྱི་སློབ་གཉེར་གནང་སྟེ་གྲྭ་ཚང་གི་དགེ་བསྐོས་མཛད་འགན་བཞེས་གནང་འདུག་པ་དང་། བོད་ནང་དུས་འགྱུར་བྱུང་སྐབས་ཁོང་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས། ཡོ་རོབ་དང་དེ་ནས་ཨ་རིའི་ནང་ཕེབས་ཏེ་ཕྱི་ལོ་ ༡༩༦༨ ལོར་ཨ་རིའི་ནིའུ་ཡོག་ཏུ་བཞུགས་ནས་ཕྱི་ལོ་ ༡༩༧༥ ལོར་རིན་པོ་ཆེ་མཆོག་གིས་ནང་ཆོས་སློབ་གཉེར་བྱ་སའི་བོད་ཀྱི་བསྟི་གནས་ཞེས་པ་ཞིག་གསར་འཛུགས་དང་ཆབས་ཅིག། དེ་གར་ལོ་ངོ་ ༣༠ ལྷག་གི་རིང་ཁོང་ནས་བསྟི་གནས་དེའི་འགན་འཛིན་དང་སློབ་ཁྲིད་གནང་མཁན་གྱི་གཙོ་འགན་བཞེས་ཤིང་། རིན་པོ་ཆེ་མཆོག་ནས་མོན་གྷོ་འདོད་དགུ་གླིང་ར་སྟོད་གྲྭ་ཚང་ཕྱག་བཏབ་པ་དང་གྲྭ་ཚང་གི་འཛིན་སྐྱོང་གི་ཐད། ད་བར་མཐུན་འགྱུར་གནང་མུས་ཡིན་པ་དང་ཁོང་གི་སློབ་མ་ད་ལྟ་ར་སྟོད་གྲྭ་ཚང་གི་མཁན་པོ་ལས་ཐོག་ཐུབ་བསྟན་ལྷུན་འགྲུབ་ལགས་ཀྱིས་ཕྱག་རོགས་ཞུས་གནང་ཡོད་པ་སོགས། ར་སྟོད་མཁན་ཟུར་ཚུལ་ཁྲིམས་ཕུན་ཚོགས་མཆོག་ནས་གསུང་གནང་བྱུང་ལ། ཉེ་བའི་ལོ་ཤས་ཀྱི་རིང་རིན་པོ་ཆེ་མཆོག་བཞུགས་སྒར་དུ་བཞུགས་མུས་ཀྱི་སྐབས་དེ་རིང་ཁོང་སྙུང་གཞི་གང་ཡང་མེད་པར་དགོངས་པ་རྫོགས་ཡོད་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།