ཆོས་རིག་བཀའ་བློན་མཆོག་ཤྲི་ལངྐ་ནས་ཕྱིར་ཕེབས་པ།

2018-05-28
གློག་འཕྲིན།
མཆན།
Share
པར་བཀོད།
ཤྲི་ལངྐའི་རྒྱལ་ས་ཀོ་ལོམ་བྷོར་རྟེན་གཞི་བྱས་པའི་ཤྲི་ལངྐ་དང་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་མགྲོན་འབོད་ཞུས་པ།
ཤྲི་ལངྐའི་རྒྱལ་ས་ཀོ་ལོམ་བྷོར་རྟེན་གཞི་བྱས་པའི་ཤྲི་ལངྐ་དང་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་མགྲོན་འབོད་ཞུས་པ།
བོད་མིའི་སྒྲིག་འཛུགས།

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཟླ་བ་འདིའི་ཕྱི་ཚེས་༢༠ ནས་ ༢༥ བར་ཤྲི་ལངྐའི་རྒྱལ་ས་ཀོ་ལོམ་བྷོར་རྟེན་གཞི་བྱས་པའི་ཤྲི་ལངྐ་དང་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་མགྲོན་འབོད་ལྟར་ཤྲི་ལངྐར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཏེ་ད་ཆ་ཕྱིར་རྡ་རམ་ས་ལར་ཕེབས་འབྱོར་ཟིན་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་པའི་ནང༌། བཀའ་བློན་མཆོག་ཤྲི་ལངྐའི་རྒྱལ་ས་ཀོ་ལོམ་བྷོར་ཕེབས་དོན་གཙོ་བོ་ནི། ཤྲི་ལངྐའི་ནང་པའི་བླ་ཆེན་རྣམ་པ་དང་མཇལ་འཕྲད་གནང་ཆེད་དང་། དེ་བཞིན་གྲོང་ཁྱེར་ཆེ་ཁག་ཀན་ཌེ་དང་། ཨ་ནུ་ར་དྷ་པུར་ར་བཅས་སུ་རྟེན་གཞི་བྱས་པའི་ནང་པའི་རྩ་ཆེའི་གནས་ཆེན་ཁག་མཇལ་རྒྱུ། དགེ་འདུན་པའི་ཆེས་མཐོའི་གཙུལ་ལག་སློབ་གཉེར་ཁང་དུ་གཟིགས་སྐོར་གནང་རྒྱུ་བཅས་ཀྱི་ཆེད་ཡིན་པ་རེད།

ཆོས་རིག་བཀའ་བློན་མཆོག་གིས་དགེ་འདུན་པའི་ཆེས་མཐོའི་གཙུལ་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་དང་ལྷན་མ་འོངས་པར་ཤྲི་ལངྐ་དང་བོད་བརྒྱུད་ནང་བསྟན་གྱི་མཁས་དབང་དང་སློབ་ཕྲུག་དབར་ཤེས་ཡོན་དང་རིག་གཞུང་བརྗེ་ལེན་ཡོང་ཐབས་ཐོག་བཀའ་མོལ་གནང་ཡོད་པ་མ་ཟད། ཤཀྱའི་རྒྱལ་གཞིས་ཞེས་པའི་སྐྱེས་མོའི་ཚལ་གསར་རྒྱག་གི་ལས་གཞིར་གཟིགས་སྐོར་གནང་སྟེ་འབྲེལ་ཡོད་འགན་འཛིན་དང་ལྷན་མ་འོངས་པར་མཉམ་རུབ་ལས་དོན་གནང་ཕྱོགས་སྐོར་བཀའ་བསྡུར་དང༌། དེ་བཞིན་ཤྲི་ལངྐ་དང་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་སོགས་དང་ལྷན་ཚོགས་འདུ་ཡང་ཚོགས་གནང་འདུག

ཐེངས་འདིར་བཀའ་བློན་མཆོག་ཤྲི་ལངྐར་ཕེབས་སྐབས་ཤྲི་ལངྐ་ནང་པའི་སྤྱི་ཚོགས་ནས་བོད་ཀྱི་རྩ་དོན་སྐོར་རྒྱུས་མངའ་ཇེ་ཆེར་འགྲོ་བཞིན་པའི་ཚོར་བ་ཤུགས་ཆེ་བྱུང་ཞིང་། མདོར་ན་གཞུང་འབྲེལ་ཕྱོགས་ཕེབས་འདི་ཉིད་དོན་ཕན་ལྡན་པ་ཞིག་བྱུང་བའི་ཐུགས་ཚོར་བྱུང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་དེའི་ནང་བཀོད་འདུག།

གསར་འགོད་པ་ངག་དབང་ཆོས་འཕེལ།

མཆན། (0)
Share
དྲ་གནས་ཆ་ཚང༌།