སུད་སིའི་སྐུ་ཚབ་དོན་གཅོད་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་འཚམས་འདྲིར་ཕེབས་ཏེ་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་པ།

2022.08.13
Share on WhatsApp
Share on WhatsApp
སུད་སིའི་སྐུ་ཚབ་དོན་གཅོད་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་འཚམས་འདྲིར་ཕེབས་ཏེ་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་པ། སུད་སི་སྐུ་ཚབ་དོན་གཅོད་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནང་ཕེབས་པའི་སྐབས་བློན་ཆེན་དང་། གྲོས་ཚོགས་འཐུས་མི། གཞན་ཡང་འབྲེལ་ཡོད་དཔོན་རིགས་མང་དག་ཅིག་མཇལ་འཕྲད་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས།

སུད་སིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྒྲོན་ལགས་དང་། དོན་གཅོད་ཁང་ནང་རྒྱལ་ཚོགས་ཀྱི་ཞུ་གཏུགས་ལས་དོན་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་རྣམ་གཉིས། ཟླ་བ་འདིའི་ཚེས་བདུན་ནས་བཅུ་བར་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་འཚམས་གཟིགས་སུ་ཕེབས་ཏེ་ཡུལ་དེའི་ཕྱི་སྲིད་བློན་ཆེན་གཞོན་པ་མཆོག་གི་གཙོས་པས་གཞུང་འབྲེལ་གནད་ཡོད་དཔོན་རིགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི། གཞན་ཡང་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ། ཁུལ་དེར་གནས་སྡོད་བོད་མི་བཅས་པ་མཇལ་འཕྲད་གནང་ཡོད་པ་རེད།
གོང་ཞུས་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Martin Dvorak མཆོག་མཇལ་འཕྲད་སྐབས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག་ལ་ཕྱོགས་གཉིས་དབར་མུ་མཐུད་ནས་མཛའ་གྲོགས་ཀྱི་འདུ་ཤེས་ཡུན་རིང་གནས་ཐབས་དང་། མ་འོངས་པར་ཡང་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་གནང་བའི་ཐུགས་རེ་གནང་གི་ཡོད་ཅེས་ཞུས་ཡོད་པ་དང་། ཁོང་གིས་ཀྱང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་ལྟར། བོད་ཀྱི་གནད་དོན་དེ་ཡང་གཞི་རྩའི་ལྟ་གྲུབ་དེའི་འོག་ཚུད་ཀྱི་ཡོད་ཅེས་མུ་མཐུད་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་ཡོད་འདུག
དེ་དང་ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་མཆོག་ནས་ཡུལ་དེའི་རིག་གཞུང་བློན་ཆེན་གཞོན་པ་སྐུ་ཞབས་Ondrej Chrast མཆོག་དང་ཡང་མཇལ་འཕྲད་གནང་བའི་སྐབས་ཡུལ་དེའི་སྲིད་འཛིན་དང་པོ་ཝཀ་ལཝ་ཧ་ཝལ་དམ་པ་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབར་ཡུན་རིང་དབར་ཐུགས་འདྲིས་ཆེན་པོ་ཡོད་པ་སོགས་ཀྱི་ལོ་རྒྱུས་རྣམས་ལུང་འདྲེན་གནང་སྟེ་རྒྱལ་ཁབ་ཀྱི་ངོས་ནས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གལ་འགངས་ཆེན་པོ་ཡིན་པའི་ལངས་ཕྱོགས་དེ་བཞིན་དེ་སྔའི་སྲིད་འཛིན་དམ་པའི་སྐབས་ནས་ཡོད་པ་བཞིན་མུ་མཐུད་ནས་རྒྱུན་འཁྱོངས་གནང་གི་ཡོད་ཅེས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་གནང་ཡོད་པའི་སྐོར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་གནང་འདུག
ཡང་འཚམས་གཟིགས་དེའི་རིང་གྲོས་ཚོགས་གོང་མའི་ཚོགས་གཞོན་དང་མཇལ་འཕྲད་གནང་བའི་སྐབས་ཁོང་དེ་སྔ་བཞུགས་སྒར་རུ་ཕེབས་ཏེ་༧གོང་ས་མཆོག་མཇལ་ཁ་ཞུས་པ་མ་ཟད་སྣེ་ལེན་གཟབ་རྒྱས་གནང་བ་སོགས་དྲན་གསོ་གནང་འདུག་ལ་ཟླ་བ་འདིའི་ཟླ་མཇུག་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཕེབས་འཆར་སྐོར་ཡང་བཀའ་མོལ་གནང་འདུག གང་ལྟར་སུད་སི་སྐུ་ཚབ་དོན་གཅོད་མཆོག་ཉིན་གྲངས་བཞིའི་རིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནང་ཕེབས་པའི་སྐབས་བློན་ཆེན་དང་། གྲོས་ཚོགས་འཐུས་མི། གཞན་ཡང་འབྲེལ་ཡོད་དཔོན་རིགས་མང་དག་ཅིག་མཇལ་འཕྲད་གནང་སྟེ་བོད་དོན་དང་བོད་མི་ཚོའི་ཐོག་རྒྱབ་སྐྱོར་གྱི་མཚོན་དོན་གལ་གནད་ཆེ་རུ་བཏང་གནང་ཐུབ་པ་བྱུང་འདུག།
གསར་འགོད་པ། ཪིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆབ་སྲིད་བཙོན་ཟུར་དགའ་ཤར་ལྷོ་པ་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་དགོངས་པ་རྫོགས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎