༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་ཐད་དམ་དྲག་འདུག


2017-01-19
Share
མདོ་སྨད་ཕྱོགས་ཀྱི་འབྲོག་ཁྱིམ་ཞིག་ཏུ་༧གོང་ས་མཆོག་གི་སྐུ་པར་བཤམ་ཡོད་པ། མདོ་སྨད་ཕྱོགས་ཀྱི་འབྲོག་ཁྱིམ་ཞིག་ཏུ་༧གོང་ས་མཆོག་གི་སྐུ་པར་བཤམ་ཡོད་པ།
བོད་འབྱོར།

མཚོ་སྔོན་མཚོ་ཤར་ཕྱོགས་ཀྱི་དགོན་སྡེ་ཁག་གི་ནང་མཚམས་རེར་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམ་ཐད་དམ་དྲག་ཡོད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ཤར་ཕྱོགས་ཀྱི་དགོན་སྡེ་ཁག་གི་ནང་༢༠༠༨་ནས་བཟུང་རྒྱ་ནག་གཞུང་གིས་ལྟ་རྟོག་དོ་དམ་ནན་པོ་བྱས་ཏེ། དགོན་ཁག་ཆེ་བའི་ནང་དུ་དགོན་པར་ལྟ་རྟོག་དོ་དམ་དམག་མི་ཞེས་མི་སྣ་རྩ་འཛུགས་ཀྱིས་དགེ་འདུན་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤྱི་རིགས་སྤེལ་བའི་སྐབས་སུ་ལྟ་སྲུང་བྱས་ནས་བསྡད་ཡོད་པ་དང་། ལྷག་པར་དུ་དགོན་པའི་བླ་སྤྲུལ་མཁན་གསུམ་ཁྲི་འདོན་དང་། ཡང་ན་དབང་ལུངས་གལ་ཆེན་བསྐུར་ཏེ་མི་མང་འདུ་འཛོམས་ཆེན་པོ་ཡོད་པའི་སྐབས་སུ། ངེས་པར་གོང་རིམ་ལ་ཡར་ཞུ་བྱས་ཏེ་སྲིད་གཞུང་ནས་ཆོག་མཆན་ཐོབ་དགོས་ཀྱི་ཡོད་འདུག
ད་དུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དགོན་པ་ཡོངས་ཀྱི་འདུ་ཁང་དང་། ལྷ་ཁང། མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་གྱི་མདུན་དུ་བཤམ་ནས་དད་ལྡན་མང་ཚོགས་ཡོངས་ཀྱིས་ཕྱག་མཆོད་འབུལ་ཞུ་བཞིན་མཐའ་ཅིག་ཏུ་བཀག་འགོག་བྱེད་ཀྱི་མེད་ཀྱང་ལོ་གསར་པ་སླེབས་ལ་ཉེ་བའི་སྐབས་སུ་ས་གནས་རྫོང་དང་། ཡུལ་ཚོ། ཞིང་ཆེན་རིམ་པ་བཅས་ཀྱི་སྲིད་གཞུང་གི་དཔོན་རིགས་རྣམས་དགོན་པར་ལྟ་སྐོར་དུ་ཡོང་སྲོལ་ཡོད་པ་ཇི་བཞིན། སྐབས་དེར་༧གོང་ས་མཆོག་གི་སྐུ་པར་ཚང་མ་མར་ལེན་པའམ་སྐུ་པར་ཐོག་མཇལ་དར་མང་པོ་བཀབ་ནས་མཇལ་ཡག་མེད་པ་བཟོས་གནང་གི་ཡོད་པ་རེད།
དགོན་པའི་འདབས་རོལ་དུ་རྒྱུན་སྡོད་བྱེད་མཁན་རྒྱ་མིའི་དམག་མི་ཚོས་མཐའ་ཅིག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མི་ཉན་པ་དང་། སྐུ་པར་བཤམ་མི་ཆོག་པའི་བཙན་བཀའ་བཏང་གི་མེད་ནའང། ལོ་གསར་བ་ཤར་ལ་ཉེ་བའི་སྐབས་འདིར་ལོ་ལྟར་ས་གནས་རྫོང་དང་། ཞིང་ཆེན་རིམ་པ་བར་གྱི་ཆོས་ལུགས་ལས་དོན་སྤྱི་དང་། སྤྱི་བདེ་ལས་ཁུངས། ཉེན་རྟོག་ལས་ཁུང་སོགས་ལས་ཁུངས་ཁག་འདྲ་མིན་གྱི་ལས་བྱེད་དཔོན་རིགས་རྣམས་མཉམ་དུ་དགོན་པའི་ནང་ཡོང་ནས་གནས་སྟངས་ལ་རྟོག་ཞིབ་དང་ཆབས་ཅིག་དགོན་པའི་ལས་སྣེ་རྣམས་ཚོགས་འདུར་བསྡུ་སྐོང་གིས་རྒྱ་ནག་གི་ཆབ་སྲིད་བརྟན་ལྷིང་དང་ཆོས་ལུགས་དད་པ་རང་མོས་ཀྱི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ཐད་དཀའ་ངལ་གང་ཡོད་པ་ཡར་ཞུ་བྱས་ཚེ་སྲིད་གཞུང་གིས་རོགས་སྐྱོར་གང་ཐུབ་བྱ་རྒྱུའི་གཏམ་བཤད་སྤེལ་བ་དང། སྐབས་དེར་གསར་འགོད་པ་མཉམ་འཁྲིད་ཀྱིས་བརྙན་འཕྲིན་བརྒྱུད་གུང་ཁྲན་ཏང་གི་སྲིད་བྱུས་ཀྱི་བཀའ་དྲིན་འོག་དགོན་པ་ལྷིང་འཇགས་དང་དགེ་འདུན་པ་རྣམས་ཀྱི་བསླབ་པ་སློབ་གཉེར་སོགས་ལ་ཕན་ནུས་ལྡན་པའི་གྲུབ་འབྲས་ཐོན་བཞིན་ཡོད་པའི་གནས་ཚུལ་རྫུན་མ་ཕྱིར་བསྒྲགས་བྱེད་བཞིན་ཡོད་པ་རེད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།