དམག་དཔུང་གིས་སྐོར་བའི་སྐུ་འབུམ་དགོན་པའི་སྨོན་ལམ་མེ་ཏོག་མཆོད་པ།

2018-03-02
གློག་འཕྲིན།
མཆན།
Share
པར་བཀོད།
སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པར་རྒྱ་ནག་གཞུང་གི་དམག་མི་མང་པོ་བཀྲམ་ཡོད་པ། ༢༠༡༨།༣།༢
སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པར་རྒྱ་ནག་གཞུང་གི་དམག་མི་མང་པོ་བཀྲམ་ཡོད་པ། ༢༠༡༨།༣།༢
བོད་འབྱོར།

མདོ་སྨད་རྗེ་སྐུ་འབུམ་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་རྒྱ་ནག་གི་དམག་མི་མང་པོ་ཡོང་ནས་དྲག་ཤུགས་ངོམ་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། སྤྱིར་བོད་ཀྱི་ས་གནས་ཁག་གི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སྐབས་རྒྱ་ནག་གཞུང་ཕྱོགས་ཀྱིས་དམ་དྲག་བྱེད་བཞིན་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་ལ་བརྙན་ཐུང་ཞིག་འབྱོར་བའི་ནང། བོད་ནང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དང་། ལྷག་དོན་བོད་ཟླ་ ༡ ཚེས་ ༡༦ འདི་ཚེས་༢་ཉིན་སྨོན་ལམ་གྱི་མེ་ཏོག་མཆོད་པའི་ཉིན་མདོ་སྨད་རྗེ་སྐུ་འབུམ་ཕྱོགས་ཀྱི་དད་ལྡན་མི་མང་འདུ་འཛོམས་སར་རྒྱ་ནག་གི་དྲག་ཆས་དམག་མི་དང་། ཉེན་རྟོག་པ་བརྒྱ་ཕྲག་མང་པོ་དགོན་པའི་མདུན་རུ་སྒྲིག་བྱས་བ་དང་། དྲག་ཤུགས་ངོམ་པ་སོགས་བྱས་བར་མང་ཚོགས་ལ་འཇིགས་སྐུལ་དང་སུན་བཙེར་བཟོ་བཞིན་པའི་རྣམ་པ་འདུག
བོད་མི་ཞིག་གིས། སྐུ་འབུམ་བྱམས་པ་གླིང་གི་དགོན་པའི་ལྕགས་རིའི་ནང་དུ། དམག་གི་དཔུང་སྡེ་སྒྲིག་ཏེ་སུ་ལ་ཞེད་སྣང་བཀོལ་བཞིན་པ་རེད་དམ། འདི་ལྟ་བུའི་མཁའ་དབུགས་འོག་གི་དད་ལྡན་ཆོས་མཇལ་བ་རྣམས་ཀྱི་སེམས་ཁམས་གང་འདྲ་ཞིག་ཡིན་སྲིད་དམ། ཞེས་དྲ་ལམ་ལ་བརྙན་དང་བཅས་སྤེལ་འདུག
སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་སྐོར་གྱི་གནས་ཚུལ་རྒྱ་ནག་གཞུང་གི་གསར་ལམ་ཁག་ཏུ་སྤེལ་ཡོད་ཀྱང་ཉེན་རྟོག་པ་དང་། དམག་མི་འབོར་ཆེན་ཡོད་པའི་གནས་ཚུལ་གང་ཡང་འཁོད་མེད་པ་རེད།
སྐུ་འབུམ་དགོན་གྱི་སྨོན་ལམ་མེ་ཏོག་མཆོད་རྒྱན་ནི། ལོ་རེའི་སྨོན་ལམ་ཆེན་མོར་མཆོད་འཇལ་བྱེད་པའི་སྐུ་འབུམ་བྱམས་པ་གླིང་གི་ཆོས་ཀྱི་ཆོ་ག་གཙོ་བོ་ཞིག་ཡིན། འདི་ནི་སྐུ་འབུམ་དགོན་གྱི་གྲྭ་ཚང་གོང་འོག་གིས་མར་ལ་བརྟེན་ནས་སྐྱེས་རབས་དང་རྣམ་ཐར། རྟོགས་བརྗོད་སོགས་བཞེངས་པ་དགོན་པ་གཞན་པའི་མཆོད་པ་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་ལག་ཤེས་སྒྱུ་རྩལ་ཞིག་ཡིན་པ་མ་ཟད། ཆོས་ཀྱི་མཆོད་པ་ཆེན་པོ་ཞིག་ཀྱང་ཡིན་པས་བོད་ཁམས་སྤྱི་དང་ཕྱི་ནང་གང་སར་སྙན་པའི་གྲགས་པ་ཁྱབ་ཡོད།
བཤད་སྲོལ་ལ་དེར་ཐིག་རྩ་རིག་པ་དང་ཚོན་མདོག་རིག་པ། རྒྱན་སྤྲོས་རིག་པ། བརྐོས་བཀྲོལ་རིག་པ་སོགས་ཕྱོགས་མང་པོའི་ཆུ་ཚད་མཐོན་པོ་ཡིན་པ་མ་ཟད། དེ་ལ་མི་རིགས་རིག་པ་དང་། ཆོས་ལུགས་རིག་པ། དམངས་སྲོལ་རིག་པ། ལོ་རྒྱུས་རིག་པ་སོགས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན་པས་རྒྱ་ནག་སོགས་ས་ཁུལ་འདྲ་མིན་ནས་ཆེད་དུ་མཇལ་བར་ཕེབས་མཁན་སྟོང་ཚོ་མང་པོ་ཡོད།  
སྨོན་ལམ་སྐབས་བོད་ཕྱི་ནང་གཉིས་སུ་དགོན་སྡེ་ཁག་ཚང་མའི་ནང་ཆོ་འཕྲུལ་དུས་ཆེན་གྱི་ཆོས་ཕྱོགས་མཛད་སྒོ་ཁག་གནང་བཞིན་ཡོད་པ་ལྟར། བོད་ཕྱི་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་བོད་པའི་ཆོས་ཚོགས་ཁག་གི་ནང་ཆོ་འཕྲུལ་སྨོན་ལམ་གྱིས་དུས་ཚོད་དང་བསྟུན་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་ཞིག་སྤེལ་བཞིན་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།