རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡོང་སྐབས་དྲག་ཆས་དམག་གིས་སོ་ལྟ་དང་ཞིབ་བཤེར་དམ་དྲག་ཤུགས་ཆེར་བྱས་ཡོད་འདུག

2024.06.20
རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡོང་སྐབས་དྲག་ཆས་དམག་གིས་སོ་ལྟ་དང་ཞིབ་བཤེར་དམ་དྲག་ཤུགས་ཆེར་བྱས་ཡོད་འདུག རྒྱལ་མཚན་ནོར་བུས་རེབ་ཀོང་ཁུལ་དུ་ལྟ་སྐོར་བྱེད་སྐབས་ཀྱི་པར་རིས། ཕྱི་ལོ་ ༢༠༢༤ ཟླ་བ་ ༦ པ།
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༤ ཉིན་ནས་བཟུང་། རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བས། བོད་ནང་གི་མཚོ་སྔོན་ཕྱོགས་ཀྱི་གཅན་ཚ་དང་རེབ་གོང་། རྨ་ལྷོ་སོག་རྫོང་། རྨ་ཆུ་དང་མགོ་ལོག་སོགས་སུ་ལྟ་སྐོར་དུ་བྱེད་བཞིན་ཡོད་པ་ལྟར། རྒྱལ་མཚན་ནོར་བུ་ཡོང་སྐབས་བདེ་འཇགས་འགན་སྲུང་ཚང་མ་རྒྱ་ནག་གཞུང་གིས་བྱས་ཡོད་སྐོར་བརྗོད་བཞིན་པ་མ་ཟད། རེབ་གོང་དང་རྨ་ལྷོ་སོག་རྫོང་བཅས་སུ་ཡོང་སྐབས། དྲག་ཆས་དམག་གིས་རླངས་འཁོར་མང་པོ་བསྒྲིགས་ནས་ཁྲོམ་སྲང་ཁག་ཏུ་སྐོར་སྲུང་དང་། གཞུང་ལམ་ཁག་བཀག་ནས་འགྲོ་སྐྱོད་མི་ཆོག་པ་བཟོས་པ་མ་ཟད། མི་མང་ལ་གང་བྱུང་ཞིབ་བཤེར་སོགས་བྱས་སྟབས། རེབ་གོང་དང་རྨ་ལྷོ་སོགས་ནས་དམག་འཁྲུག་ཅིག་ལངས་གྲབས་ཡོད་པ་ལྟ་བུའི་ཚོར་སྣང་ཡོད་སྐོར། བོད་ནང་གི་བོད་མི་གསུམ་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། རྒྱལ་མཚན་ནོར་བུ་ཐོག་མར་ཧོར་ཟླ་ ༥ ཚེས་ ༡༢ ཉིན་ལ་ཁཱ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དུ་ཡོང་སྟེ། དགོན་པ་དེར་ཡོན་ཏན་གཞིར་གྱུར་མའི་བཀའ་ཆོས་གསུང་སོང་ལ། སྐབས་དེར་ལ་ཁཱ་དགོན་དུ་ཉེན་རྟོག་པ་དང་ཉེན་རྟོག་པའི་སྒྲིག་ཆས་གྱོན་མེད་པའི་མི་སྣ་ཧ་ཅང་མང་པོས་སྐོར་སྲུང་དང་། དགོན་པའི་རྒྱལ་སྒོ་ནས་མི་ཚང་མའི་ཐོབ་ཐང་དཔང་ཡིག་ཞིབ་བཤེར་བྱས་སོང་བ་དང་། རྨོ་ལྷོ་སོག་རྫོང་དུ་འགྲོ་སྐབས་རྒྱ་ནག་གཞུང་གིས་གོ་སྒྲིག་འོག་རྟ་ཞོན་མི་སྐྱ་མང་པོས། རྒྱ་ནག་གི་དར་དམར་འཁྱེར་ནས་བསུ་བཅུག་ཡོད་པ་དང་། ཁོང་རྨ་ཆུར་འགྲོ་བཞིན་པའི་བརྙན་ཞིག་དྲ་ལམ་དུ་སྤེལ་བའི་ནང་། རྒྱ་ཡིག་གི་མཆན་སྣ་ཚོགས་བྲིས་ཡོད་པའི་ཁྲོད། མཆན་འབྲི་མཁན་ཞིག་ནས་རྒྱལ་མཚན་ནོར་བུ་རྒྱལ་ཁབ་ལ་དགའ་ཞེན་ཆེ་བའི་བླ་མ་ཞིག་ཡིན་པས་ང་ཚོ་ཚང་མས་རྒྱབ་སྐྱོར་བྱེད་དགོས་དང་། ཡང་གཞན་ཞིག་ནས་རྒྱལ་མཚན་ནོར་བུ་ལ་དད་པ་མི་བྱེད་མཁན་གྱི་ཁ་བྲལ་བ་ཚང་མ་རྒྱལ་ཁབ་ནས་ཕྱིར་ཕུད་གཏོང་དགོས་པ་རེད་སོགས་བྲིས་འདུག

རྒྱལ་མཚན་ནོར་བུ་བོད་ཀྱི་ས་ཁུལ་དུ་ལྟ་སྐོར་བྱེད་སྐབས་རྒྱ་ནག་གཞུང་འབྲེལ་ངོས་ནས། བོད་མི་ཚོས་ཁོང་ལ་དད་མོས་ག་འདྲ་བྱེད་བཞིན་པ་སོགས་ཀྱི་སྐོར་ནས་བརྟག་དཔྱད་ལྟ་བུ་བྱེད་བཞིན་པ་མ་ཟད། ཕྱི་ལོ་ ༢༠༢༡ ལོར་ཁོང་མདོ་སྨད་ཕྱོགས་སུ་ས་གནས་ཁག་ཏུ་ལྟ་སྐོར་བྱེད་སྐབས། ས་གནས་དེ་ཁུལ་གྱི་དགོན་པ་ཁག་གི་བླ་ཆེན་མི་ཆེན་ཚང་མ་ངེས་ཕེབས་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད། ཡང་འབྲེལ་ཡོད་གཞན་དེས་འདི་ལོ་ཡང་རེབ་གོང་དང་གཅན་ཚ། རྨ་ལྷོ་ཁུལ་གྱི་བླ་ཆེན་ཁྲོད་ནས་ལ་ཁཱ་རིན་པོ་ཆེ་དང་བྲག་དགོན་རྡོ་རྗེ་འཆང་། ཡ་རོང་སྤྲུལ་སྐུ། སོག་པོ་བླ་མ། རྒྱ་ཁྲི་བླ་མ། བསྟན་པའི་ཉི་མ། ཧོར་བླ་མ། མགོ་ཚ་བླ་མ། གསེར་ཁྲི་བླ་མ། རྒྱ་ནག་མཁན་པོ། བཀའ་བཅུ་བླ་མ། ཤིང་བཟའ་བླ་མ་ཆུང་བ་བཅས་བླ་སྤྲུལ་ཆེ་ཁག་བཅུ་གཉིས་ངེས་ཕེབས་དགོས་པའི་བཀོད་ཁྱབ་འོག་རྒྱལ་མཚན་ནོར་བུར་ཕེབས་བསུ་བྱེད་བཅུག་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱལ་མཚན་ནོར་བུ་ས་གནས་གང་དུ་ལྟ་སྐོར་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་དང་། ཆོས་ལུགས་དད་མོས་དང་འཚོ་བ་ཡག་པོ་ཡོད་པ་བསྒྲགས་ཐབས་བྱེད་བཞིན་ཡོད་ན་ཡང་། ཁོང་གི་ལྟ་སྐོར་ལ་རྒྱ་ནག་གཞུང་གིས་གྲ་སྒྲིག་ཙམ་ལས་བོད་མི་ཚོ་དེ་ཙམ་ཡོང་མཁན་མེད་པར་བཙན་ཐབས་བྱེད་བཞིན་པའི་གནས་ཚུལ་དེ་སྔ་ཐོན་ཡོད་པ་རེད། ཕྱི་ལོ་ ༢༠༢༡ ལོར་ཁོང་མདོ་སྨད་མཛོད་དགེ་དང་རྔ་བ། ཁྱུང་མཆུ། འབར་ཁམས་སོགས་སུ་སྐོར་སྐྱོད་སྐབས། ས་གནས་བོད་མི་དང་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་དགའ་བསུ་དགོས་པའི་བཙན་ཐབས་བྱས་ཡོད་པ་རེད། གཞན་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་དབང་ཆ་རྒྱ་ནག་གཞུང་ལ་ཡོད་སྐོར་བརྗོད་ནས་ཁྲིམས་སྒྲིག་མང་པོ་ཞིག་བཟོས་ཡོད་པ་ལྟར།  ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་ནག་གཞུང་ནས་དྲ་ལམ་ཐོག་གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་བླ་སྤྲུལ་གྱི་མིང་གཞུང་ཐོ་བཀོད་ཀྱི་ལས་གཞི་འགོ་འཛུགས་བྱས་ཏེ། བོད་ཀྱི་དབུ་ཁྲིད་༸གོང་ས་མཆོག་དབུས་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་རྒྱ་ནག་གཞུང་ལ་ཡོད་སྐོར་ཤུགས་ཆེར་བརྗོད་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་བླ་སྤྲུལ་ཁག་ལ་ཆེ་བསྟོད་ཞུ་བཞིན་མེད་པ་ཡོང་གྲགས་ཡིན་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ། 
དྲྭ་ཐོག་རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་ཨ་རིས་གཏན་འབེབས་བྱས་པའི་བོད་རྒྱ་རྩོད་རྙོག་གི་ཁྲིམས་ཡིག་ལ་ངོ་རྒོལ་ཤུགས་ཆེ་བྱས་ནས་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་འཇོག་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎