དྲ་རྒྱ་བེད་སྤྱོད་བྱ་རྒྱུར་དམ་བསྒྲགས་ཆེ་རུ་བཏང་འདུག
2012.12.28
༄༅། ། རྒྱ་ནག་གཞུང་གིས་བཏོན་པའི་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོས་དྲ་རྒྱ་བེད་སྤྱོད་བྱ་དགོས་ཚེ་རང་ཉིད་ཀྱི་མིང་དངོས་ཐོ་འགོད་བྱ་རྒྱུའི་གྲོས་གཞིར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་མོས་མཐུན་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོས་རང་གི་མིང་དངོས་ཐོ་འགོད་བྱས་ཀྱང་། མི་སྒེར་གྱི་གནས་ཚུལ་ཕྱི་གྱར་བྱ་རྒྱུ་མིན་ལུགས་བརྗོད་ཀྱི་ཡོད་པ་དང་། ཡིན་ནའི་མི་མང་པོས་ རྒྱ་ནག་གཞུང་གི་བྱ་སྤྱོད་དེ་རིགས་ནི། དྲ་རྒྱའི་ཐོག་སྨྲ་བརྗོད་རང་དབང་བེད་སྤྱོད་བྱ་རྒྱུར་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་དུ་ཡིན་པའི་སྐྱོན་བརྗོད་གནང་གི་ཡོད་འདུག ཉེ་བའི་ཆར་དྲ་རྒྱའི་ཐོག་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་དང་། དེ་བཞིན་རྒྱ་ནག་གུང་ཁྲན་ཚོགས་པའི་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་དག་ཅིག་རིམ་པས་བཏོན་ཡོད་པར་བརྟེན་ནས་རྒྱ་ནག་གི་དཔོན་རིགས་གསར་པ་ཚོས་དྲ་རྒྱའི་ཐོག་དམ་བསྒྲཌ་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐག་གཅོད་བྱས་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་གསུང་གི་ཡོད་པ་རེད། གསར་དུ་གཏན་འབེབས་བྱས་པའི་སྒྲིག་གཞི་གཞིར་བཟུང་བྱས་ན། དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོས་རང་མིང་དངོས་ཐོ་འགོད་བྱ་དགོས་པས་མ་ཟད། ཁ་པར་དང་། ལག་འཁྱེར་ཁ་པར་བརྒྱུད་ནས་དྲ་རྒྱ་མཐུད་རྒྱུར་ཡང་ཐོ་འགོད་ཁ་གསལ་བཀོད་དགོས་ཀྱི་ཡོད་ཅིང་། གལ་སྲིད་དྲ་རྒྱའི་ཐོག་འགོད་མི་ཆོག་པའི་གནས་ཚུལ་ཁྲིམས་ཐོག་ནས་གཏན་འབེབས་བྱས་པ་ཕན་ཚུན་བརྒྱུད་སྤེལ་སོགས་བྱ་མི་ཆོག་པའི་ཚད་བཀག་མང་པོ་ཞིག་བཟོས་ཡོད་པ་རེད།།