ཆབ་སྲིད་བཙོན་པ་གངས་བུ་རིག་རྒྱས་ཉི་མ་ལགས་ལོ་དགུའི་རྗེས་ཀློད་གྲོལ་བྱུང་འདུག

2021.03.02
ཆབ་སྲིད་བཙོན་པ་གངས་བུ་རིག་རྒྱས་ཉི་མ་ལགས་ལོ་དགུའི་རྗེས་ཀློད་གྲོལ་བྱུང་འདུག ཆབ་སྲིད་བཙོན་པ་གངས་བུ་རིག་རྒྱས་ཉི་མ་ལགས། ༼ཟླ་ཚེས་མི་གསལ
མཐུན་འགྱུར་པར་རིས།

བྲག་མགོ་རྫོང་གཙང་སྟོད་ཡུལ་ཚོ་ནས་ཡིན་པའི་ཆབ་སྲིད་བཙོན་པ་གངས་བུ་རིག་རྒྱས་ཉི་མ་ལགས་མི་ལོ་དགུར་བཙོན་འཇུག་རྗེས་བཙན་གྲོལ་བྱུང་ཡོད་ཀྱང་སྐུ་གཟུགས་གནས་སྟངས་སྐྱོ་བོ་ཡོད་འདུག
དེ་སྔ་སྤྱི་ལོ་༢༠༡༢ལོར་ཁམས་བྲག་མགོ་རྫོང་དུ་བྱུང་བའི་བོད་མིའི་ཞི་རྒོལ་དང་འབྲེལ། རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁུལ་དེའི་བོད་མི་མང་པོ་འཛིན་བཟུང་བྱས་པའི་གྲས་ཀྱི་གངས་བུ་རིག་རྒྱས་ཉི་མ་ལགས་རྒྱ་ནག་གཞུང་གིས་མི་ལོ་དགུར་བཙོན་འཇུག་བྱས་རྗེས་ཉེ་ཆར་ཟླ་༢ཚེས་༢༥ཉིན་བཙོན་གྲོལ་བྱུང་ནས་ཁོང་གི་ཁྱིམ་དུ་འབྱོར་ཡོད་ཀྱང་སྐུ་གཟུགས་ཀྱི་གནས་སྟངས་ཡག་པོ་མེད་པ་རེད་འདུག
འདིའི་ཐད་དེང་སྐབས་ཡོ་རོབ་ཀྱི་རྒྱལ་ཁབ་སུད་སིའི་ནང་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་གསུང་ན། གངས་བུ་རིག་རྒྱས་ཉི་མ་ལགས་ནི། སྤྱི་ལོ་༢༠༡༢ལོའི་ལོ་གསར་སྐབས་ཁམས་བྲག་མགོ་དང་གསེར་རྟ་ཕྱོགས་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པའི་སྐབས་རྒྱ་ནག་གི་ཉེན་རྟོག་པས་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་བྱས་པའི་གྲས་ཀྱི་གཅིག་ཡིན་པ་དང་། སྐབས་དེར་ཁོང་ལ་མི་ལོ་༡༠ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཚོད་ཡོད་ཀྱང་། ཉེ་ཆར་སྤྱི་ཟླ་༢ཚེས་༢༥ཉིན་མི་ལོ་དགུ་ཡི་རྗེས་བཙོན་གྲོལ་བཏང་ཡོད། ཡིན་ན་ཡང་རྒྱ་ནག་གི་ཉེན་རྟོག་པས་ཐོ་འགོད་ཀྱི་འགྲོ་ལུགས་ཁག་གཉེར་རྗེས་ཐད་ཀར་ཁོང་གི་རང་ཁྱིམ་དུ་སྐྱེལ་ནས། ནང་མི་ཉེ་འབྲེལ་ཚོར་བསུ་བ་སོགས་བྱེད་མི་ཆོག་པའི་བཀོད་ཁྱབ་སྔོན་ཚུད་ནས་བཏང་ཡོད་པ་དང་། ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་ཡིན་པ་གསུང་བྱུང་།
ད་དུང་གངས་བུ་རིག་རྒྱས་ཉི་མ་ལགས་བཙོན་ཁང་དུ་ཡོད་སྐབས། ཁོ་རང་དང་བཙོན་གྲོགས་གཞན་པ་ཚོར་ཉེན་རྟོག་པ་དང་བཙོན་སྲུང་བ་ཚོས་མནར་གཅོད་བཏང་བར་བརྟེན་དེར་ངོ་རྒོལ་ལན་མང་བྱས་པའི་རྐྱེན་གྱིས། ཐེངས་དུ་མར་ནག་བཙོན་ཏུ་ཡུན་རིང་བཅུག་པའི་རྐྱེན་གྱིས་ད་ལྟ་མིག་གིས་གསལ་པོ་མི་མཐོང་བ་དང་། མགོ་ན་བ། སེམས་ཁམས་མི་བདེ་བར་གྱུར་བ། དེ་བཞིན་གློ་བ་དང་། སྒལ་ཚིགས་སོགས་ནད་པར་གྱུར་ནས་མདོར་ན་ལུས་སེམས་གཉིས་ལ་རྒྱུན་ལྡན་མིན་པའི་ནད་གཞི་མང་པོ་ཕོག་ཡོད་པ་ཡང་འགྲེལ་བརྗོད་གནང་བྱུང་།
གངས་བུ་རིག་རྒྱས་ཉི་མ་ལགས་ད་ལྟ་རང་ལོ་༣༠ཙམ་ཡིན་པ་དང་། ཁོང་བཙོན་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་སྐབས་ཁྱིམ་མི་ནང་ཁུལ་ལ་བཤད་པའི་སྐད་ཆ་ཡིག་ཐོག་ཏུ་ཕབ་པ་ཞིག་འདི་ག་རླུང་འཕྲིན་ཁང་དུ་འབྱོར་ཡོད་པའི་ནང་། འདིར་ཕེབས་པའི་ཤ་ཉེ་རིང་རྣམས་དང་། རིགས་དང་ཚོར་བ། འདུ་ཤེས་དང་ལས་དབང་གཅིག་པའི་སྤུན་གྲོགས་རྣམ་པ། ཁྱེད་ཅག་ཡུན་རིང་བོར་སེམས་ཁུར་དང་འོ་བརྒྱལ་ལ་གཏད་སོང་། ང་རིག་རྒྱས་ཉི་མ་དེ་རིང་བཙོན་གྲོལ་བྱུང་བ་དང་སླར་ཕ་ཡུལ་གངས་ལྗོངས་ཀྱི་པང་ཁུག་འདི་ནས་ཁྱེད་ཅག་དང་མཇལ་ཐུབ་པའི་བསྐལ་བ་བྱུང་བར་སེམས་གཏིང་ནས་དགའ་བཞིན་ཡོད་བཀའ་དྲིན་ཆེ། མ་གཞི་ང་ཡིན་ན། རང་དབང་དང་འདྲ་མཉམ། བདེན་པ་དང་ཐོབ་ཐང་རྩོད་ས་ནས། རྒྱ་ནག་པོས་མ་ཉེས་ཁ་གཡོག་གིས་ཉེས་མེད་ཉེས་འགེལ་བྱས་ཏེ་མི་ལོ་བཅུའི་རིང་ལ་མི་ལུས་ཀྱི་རང་དབང་ཡོད་ཚད་འཕྲོག་ཏེ་མནར་གཅོད་ཚད་མེད་མྱངས་བ་ནི་ཤི་ཡང་བརྗེད་དུ་མེད་པས་ན་ཟུག་དྲག་པོ་ཞིག་ཏུ་གྱུར་ཡོད། མནར་གཅོད་ཀྱི་མི་ལོ་དགུ་ཡང་ཐུང་ཐུང་ཞིག་ག་ལ་ཡིན། ང་དེ་རིང་སྔོན་མའི་ན་གཞོན་དེ་ཡང་མིན་ལ་ངའི་དྲན་པ་ཡང་དེ་འདྲའི་གསལ་བོ་ཞིག་མ་རེད་དེ། ངས་ཁྱེད་ཚོར་ཞུ་ཆོག་ཆོག་ཅིག་ལ་ང་རང་སྔར་བཞིན་འགན་ཁུར་ཡོད་པའི་བོད་མི་ཞིག་ཡིན་པ་གཏན་ནས་བརྗེད་མེད། ད་རུང་མ་ཤི་དམྱར་བར་ལན་མང་འཁྱམས་དགོས་ཀྱང་། གཏན་ནས་བརྗེད་ཀྱང་མི་སྲིད་ལ། ཁྱེད་ཚོས་ཀྱང་རང་ཉིད་བོད་མི་ཞིག་ཡིན་པ་དུས་ནམ་ཡང་སེམས་ནས་བོར་མི་ཉན།
རང་རང་གི་དཔའ་སྤོབ་མ་ཞུམ། ནང་ཁུལ་ལ་མཐུན་སྒྲིལ་བྱོས། ལྷག་ཏུ་རང་གི་སྐད་ཡིག་དང་ཆོས་ལུགས་ལ་སློབ་སྦྱོང་བྱོས། ང་ཚོ་ཚང་མ་རྨོངས་གཉིད་ལས་སད་དགོས། མནར་གཅོད་ལས་གྲོལ་དགོས། སྐད་ཆ་འདི་དག་ནི་ང་དེ་རིང་གསོན་པོ་ཡིན་པའི་རྟགས་དང་། ཡུན་རིང་ཡིད་ལ་བཅངས་པའི་སེམས་གཏམ་དམར་དམར་ཡིན་པས་ཚང་མས་ཐུགས་ལ་འཛིན་པར་ཞུ། ཞེས་གསུང་ཡོད་པ་འཁོད་འདུག
སྤྱི་ལོ་༢༠༡༢ལོའི་ལོ་གསར་སྐབས་ཁམས་བྲག་མགོ་རྗོང་དང་གསེར་རྟ་རྫོང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པའི་དོན་རྐྱེན་ཁྲོད། རྒྱ་ནག་གི་ཉེན་རྟོག་པས་ངོ་རྒོལ་བའི་ཁྲོད་མེ་མདའ་རྒྱབ་ནས་བོད་མི་ཁག་གཅིག་འཆི་སྐྱོན་དང་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་པ་མ་ཟད། དོན་རྐྱེན་དེ་དང་འབྲེལ་རྒྱ་ནག་གཞུང་གིས་བྲག་མགོ་རྫོང་ཁོངས་ཀྱི་བོད་མི་བཅུ་ཕྲག་ཁ་ཤས་འཛིན་བཟུང་གིས་མང་པོ་ལ་མི་ལོ་༡ནས་༡༤བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་ཁྲོད་གངས་བུ་རིག་རྒྱས་ཉི་མ་ལགས་ཀྱི་བཙོན་གྲོགས་བྲག་མགོ་དགོན་གྱི་དགེ་འདུན་པ་བཀྲིས་དར་རྒྱས་ལགས་དང་། རྣམ་རྒྱལ་ལགས་སོགས་མུ་མཐུད་དུ་བཙོན་འཇུག་འོག་ཡོད་པ་རེད་ལ། སྐབས་དེར་མཉམ་དུ་བཙོན་འཇུག་བྱས་པའི་བཙོན་གྲོགས་འགའ་རེ་བཙོན་གྲོལ་ཐོབ་ཡོད་ཀྱང་། གངས་བུ་རིག་རྒྱས་ཉི་མ་ལགས་དང་འདྲ་བར་ལུས་སེམས་ཀྱི་བདེ་ཐང་རྒྱུན་ལྡན་མིན་པར་གྱུར་ཡོད་པ་རེད།
གངས་བུ་རིག་རྒྱས་ཉི་མ་ལགས། ཕ་ཡུལ་དཀར་མཛེས་ཁུལ་བྲག་མགོ་རྫོང་། གཙང་སྟོད་ཡུལ་ཚོའི་གཙང་སྟོད་སྡེ་བ་ནས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎