དབལ་ཤུལ་རིག་འཛིན་དོན་འགྲུབ་ལགས་སུ་རྗེས་དྲན་གནང་འདུག

2019-08-15
གློག་འཕྲིན།
མཆན།
Share
པར་བཀོད།
དབལ་ཤུལ་རིག་འཛིན་དོན་འགྲུབ་ལགས་སུ་རྗེས་དྲན་མཛད་སྒོའི་སྐབས། ༢༠༡༩།༨།༡༥
དབལ་ཤུལ་རིག་འཛིན་དོན་འགྲུབ་ལགས་སུ་རྗེས་དྲན་མཛད་སྒོའི་སྐབས། ༢༠༡༩།༨།༡༥
RFA

བཙན་རྒོལ་རྒྱལ་གཅེས་བ་དབལ་ཤུལ་རིག་འཛིན་དོན་འགྲུབ་ཀྱི་རྗེས་དྲན་ཐོག་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡིས་ཁོང་དངོས་འབྲེལ་རྒྱལ་ཞེན་ཅན་ཞིག་ཡིན་པ་གསུང་གནང་སོང་།
དེ་ཡང་ཕྱི་ལོ་༢༠༡༩་ཟླ་༨་ཚེས་༡༥་ཉིན་བཞུགས་སྒར་ཀ་ལབ་ཧུསེ་ཚོགས་ཁང་དུ། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག བཙན་རྒོལ་རྒྱལ་གཅེས་དཔའ་བོ་དབལ་ཤུལ་རིག་འཛིན་དོན་འགྲུབ་ཀྱིས་བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་དུ་སྐུ་སྲོག་བློས་བཏང་གནང་ནས་ལོ་ངོ་༦༠་འཁོར་བའི་རྗེས་དྲན་ཚོགས་པ་དང་། སྐབས་དེར་སློབ་དཔོན་ཟམ་གདོང་རིན་པོ་མཆོག་ནས་རིག་འཛིན་དོན་འགྲུབ་ལགས་ཀྱིས་རྒྱ་ནག་གི་འཇིགས་སྐུལ་དང་གནོན་ཤུགས་གང་ལའང་མགོ་བོ་མ་སྒུར་བར་བཞུགས་ཐུབ་པ་དེ་ཆབ་སྲིད་རིག་པའི་ཐོག་ནས་བལྟས་ན་ལྷག་བསམ་རྣམ་དག་ཀྱི་རྒྱལ་ཞེན་ཅན་གྱི་མི་སྣ་ཚད་ལྡན་ཞིག་ཡིན་པ་དང་མཛད་རྗེས་རླབས་ཆེན་ཡིན་པའི་ཡི་རངས་བསྔགས་བརྗོད་གནང་སོང་།
ཡང་དབལ་ཤུལ་རིག་འཛིན་དོན་འགྲུབ་ལགས་དངོས་སུ་རྒྱུས་མངའ་ཡོད་མཁན་ཐུབ་མཁའ་ལགས་ཀྱིས་སྐབས་དེའི་ལོ་རྒྱུས་ངོ་སྤྲོད་གནང་སྐབས། ང་རང་ལོ་༡༠་ཡས་མས་ཡིན་སྐབས་དབལ་ཤུལ་དཔོན་རིག་འཛིན་དོན་གྲུབ་ང་ཚོའི་དགོན་པའི་ནང་། སྐབས་རེར་བྱོན་གྱི་ཡོད་པས་ཁོང་ངོ་ཤེས་ཀྱི་ཡོད་ཅིང་། དེང་སང་གསེར་རྟ་རྫོང་ཆགས་ཡུལ་དུ་ཐོག་མར་རྒྱ་ནག་གི་སྒར་ཆགས་སྐབས་ནས་བཟུང་། མགར་ལུང་རི་མགོར་འཐབ་ར་བརྩིགས་ཏེ་རྒྱ་མི་ལ་ཡ་ལན་འཛིན་རྩིས་ཀྱི་ཐབས་ཤེས་ཀྱིས། ཕྱི་ལོ་༡༩༥༢་ནས་༥༩་བར་རྒྱ་ནག་པོར་དངོས་སུ་འཐབ་ཡ་བཟུང་སྟེ། མཐར་ཁོང་གི་སྐུ་སྲོག་ཤོར་བའི་སྔར་ཉིན་མོར་ང་ཚོ་མཉམ་དུ་ཡར་བྲོས་འགྲོ་སྐབས། ངེད་གཉིས་ཐུག་མྱོང་ལ་དེང་སང་ཁོང་གི་རྗེས་དྲན་འཚོགས་དུས་དངོས་གནས་ངུ་ཤོར་ཡོང་གི་འདུག་ཅེས་ངོ་སྤྲོད་གནང་བྱུང་།
རྗེས་དྲན་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པ་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་དབའ་ཤུལ་རིག་འཛིན་དོན་འགྲུབ་ལགས་ཀྱིས། རྒྱ་ནག་གི་བཙན་འཛུལ་ལ་འཐབ་རྩོད་གནང་ཏེ་མཐར་༡༩༥༩་ཟླ་༧་ཚེས་༡༩་ཉིན་ཁོང་དགུང་གྲངས་༤༣ སོན་ཙམ་ཡིན་པའི་སྐབས་ལུས་སྲོག་སློས་བཏང་གནང་ཡོད་པ་གསུངས་གནང་སོང་། རིམ་པས་མཛད་སྒོའི་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལས་ཐོག་ཐུབ་བསྟན་ལུང་རིགས་ལགས་དང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གངས་རི་ལགས། རྗེས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་བཅས་ཀྱིས་རྗེས་དྲན་གཏམ་བཤད་གནང་ཡོད་པ་རེད།
དབལ་ཤུལ་རིག་འཛིན་དོན་འགྲུབ་ལགས་ནི་༡༩༡༦་ལོར་མགོ་ལོག་དབལ་ཤུལ་གསེར་རྟ་རུ་ཡབ་དབལ་ཤུལ་སྐལ་བཟང་མགོན་པོ་དང་། ཡུམ་ཨ་ཏ་གཉིས་ཀྱིས་སྲས་སུ་འཁྲུངས། ཁོང་མགོ་ལོག་གསེར་རྟ་སྡེ་ཁྲི་སྐོར་གཉིས་ལྷག་གི་དཔོན་པོ་ཡིན་པ་དང་། དབའ་ཤུལ་དཔོན་རབས་ཀྱིས་དཔོན་པོ་བྱས་པའི་རིང་མང་ཚོགས་ལ་གཟིགས་རྟོགས་ཡག་པོ་གནང་བའི་རྐྱེན་གྱིས་མང་ཚོགས་ཀྱིས་གཙུག་ཏུ་བཀུར་གྱི་ཡོད་པ་དང་།
ཕྱི་ལོ་༡༩༥༢་ལོར་རྒྱ་ནག་བཙན་འཛུལ་བས་དབལ་ཤུལ་རིག་འཛིན་དོན་འགྲུབ་ཐུག་འཕྲད་ཀྱིས་རྒྱ་ནག་སྟོབ་ཤུགས་ངོམ་ནས་རྒྱ་ནག་འོག་ཏུ་འཛུལ་དགོས་པ་དང་། ཁོང་ལ་ཁེ་ཕན་སྤྲོད་རྒྱུ་བྱས་པ་སོགས་ལ་ངོས་ལེན་མ་གནང་བར་མཐར་རྒྱ་དམག་གིེས་ཚུར་རྒོལ་བྱས་པར་གདོང་ལེན་གྱིས་དམག་འཁྲུག་ཡུན་རིང་བྱས་རྗེས་སྐུ་སྲོག་བློས་བཏང་གནང་བ་ཞིག་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།