ཏེ་ལོ་རིན་པོ་ཆེས་གསར་འགོད་འདུ་འཛོམས་སར་གསུང་གླེང༌།

ཏེ་ལོ་རིན་པོ་ཆེས་གསར་འགོད་པའི་འདུ་འཛོམས་ཐོག་བོད་དང་སོག་པོ།ཨུ་རུ་སའི་བར་ལོ་རྒྱུས་ལྡན་པའི་ཆོས་འབྲེལ་དམ་ཟབ་ཡོད་པ་གསུངས་བ།

2010-12-03
Share

༄༅༎ཁལ་མུཀ་ཡུལ་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཏེ་ལོ་རིན་པོ་ཆེས་བཞུགས་སྒར་དུ་གསར་འགོད་པའི་འདུ་འཛོམས་ཐོག་བོད་དང་སོག་པོ། ཨུ་རུ་སའི་བར་ལོ་རྒྱུས་ལྡན་པའི་ཆོས་འབྲེལ་དམ་ཟབ་ཡོད་པ་མ་ཟད། ༧གོང་ས་མཆོག་ནི་བོད་མི་དང་སོག་པོ། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ནང་པ་ཡོངས་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པའི་སྐོར་གསུངས་ཡོད་པ་རེད།

ཕྱི་ཟླ་༡༢པའི་ཚེས་༢ཉིན་བཞུགས་སྒར་དུ་བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བོད་པའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག་ཁལ་མུཀ་ཡུལ་གྱི་ནང་པའི་དབུ་ཁྲིད་ཏེ་ལོ་རིན་པོ་ཆེས་གསུངས་དོན།

ད་རེས་ཨུ་རུ་སུའི་དད་ལྡན་ནང་པ་རྣམས་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་བཅར་བ་དེ་ནི་ཐེངས་གཉིས་པ་ཡིན་པ་དང༌། ང་ཚོ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ནང་དུ་ཡོད་པའི་སོག་རིགས་ནང་པ་ཚོ་བཞུགས་སྒར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་བཅར་རྒྱུ་བྱུང་བ་དེ་ནི། རྒྱ་རིགས་དང།ལྦི་ཏི་ནམ། ཀོ་རི་ཡ། སིང་ག་པུར་ནས་ཕེབས་པའི་ནང་པ་ཚོ་རྡ་སར་ཆོས་འབྲེལ་དུ་བཅར་བ་དང་མི་འདྲ་བར། བོད་དང་སོག་པོ་གཉིས་ནི་ལོ་ངོ་བརྒྱ་ཕྲག་རིང་གི་རྒྱལ་རབས་ལོ་རྒྱུས་ལྡན་པའི་འབྲེལ་ལམ་ཡོད་པ་རེད། ཡིན་ནའང་བར་སྐབས་ཨུ་རུ་སུ་དང་སོག་ཡུལ་ནང་དམར་པོའི་རིང་ལུགས་ཤུགས་ཆེན་པོ་དར་ཁྱབ་བྱུང་སྟེ། སོག་རིགས་བོད་ནང་དུ་སློབ་གཉེར་བྱེད་དུ་བསྐྱོད་རྒྱུར་དཀའ་ངལ་འཕྲད་དེ་འབྲེལ་ལམ་ཆད་པ་དང། དེ་བཞིན་༡༩༥༩ ལོར་བོད་ནང་དུ་དམར་པོའི་དབང་བསྒྱུར་བྱས་པ་ནས་བཟུང་བོད་དང་སོག་པའི་བར་ཆོས་སྲིད་དང་རིག་གཞུང་གང་གི་ཐད་ནས་འབྲེལ་ལམ་ཆད་ཡོད་པ་རེད། འོན་ཀྱང་ཕྱི་ལོ་༡༩༩༡ལོར་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཐོར་བཤིག་ཏུ་སོང་བའི་རྗེས་བོད་དང་སོག་པོའི་འབྲེལ་ལམ་སྔར་བཞིན་བསྐྱར་གསོ་བྱུང་མ་ཟད། རིམ་པས་འབྲེལ་ལམ་གཟབ་ཏུ་ཕྱིན་ཡོད་པར་བརྟེན་ནས་༧གོང་ས་མཆོག་ནས་གསུང་ཆོས་ཞུ་རྒྱུའི་སྐལ་བཟང་དུས་སྐབས་བྱུང་བ་དང༌། དེ་ཡང་བཞུགས་སྒར་དུ་གསུང་ཆོས་སྐྱབས་འཇུག་ཞུ་དགོས་དོན་ཡང༌། གནད་དོན་དང་པོ་དེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུ་དང་སོག་ཡུལ་གང་རུང་ནང་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་རིམ་པ་ཞུས་ཀྱང་ཆབ་སྲིད་ཀྱི་དཀའ་ངལ་མང་པོ་ཞིག་གི་རྐྱེན་པས་གདན་འདྲེན་ཞུ་ཐུབ་མེད་པ་དང། གནད་དོན་གཉིས་པ་དེ། ༧གོང་ས་མཆོག་ད་ལྟ་སྐུ་འཚོ་བཞུགས་རིང་ལ་ཨུ་རུ་སུ་དང་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སླར་གསོ་ཡོང་བའི་ཆེད་དུ་ཤེས་ཡོན་དང་ཉམས་མྱོང་གཉིས་དཔེ་ལྟ་ཡུལ་ཞིག་དགོས་པར་སོང༌། ང་ཚོར་དཔེ་ལྟ་ཡུལ་དང་ཉམས་མྱོང་ལེན་ས་དེ་བོད་པའི་སྤྱི་ཚོགས་དེ་ཡིན་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་ནི། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁོ་ན་ཙམ་དུ་མ་ཟད་སོག་པོ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པར་བརྟེན་ནས་ཨུ་རུ་སུའི་ནང་པ་ཡོངས་ནས་༧གོང་ས་མཆོག་ནས་གསུང་ཆོས་ཞུ་བའི་གོ་སྒྲིག་ཐེངས་གཉིས་པ་ཞུས་པ་ཞིག་དང་མ་འོངས་པར་མུ་མཐུད་གོ་སྒྲིག་ཞུ་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུངས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།