བོད་ནང་བོད་མི་ཚོས་ས་ག་ཟླ་བ་ཟབ་རྒྱས་ངང་སྲུང་བརྩི་གནང་བ།

2016-05-23
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་བོད་མི་ཚོས་ས་ག་ཟླ་བ་ཟབ་རྒྱས་ངང་སྲུང་བརྩི་གནང་བཞིན་པ། ༢༠༡༦།༥།༢༡
བོད་ནང་བོད་མི་ཚོས་ས་ག་ཟླ་བ་ཟབ་རྒྱས་ངང་སྲུང་བརྩི་གནང་བཞིན་པ། ༢༠༡༦།༥།༢༡
བོད་འབྱོར།

བོད་ཁྱོན་ཡོངས་སུ་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་བཞི་པ་ས་ག་ཟླ་བ་སྲུང་བརྩི་ཟབ་རྒྱས་ཞུས་གནང་བཞིན་ཡོད་པ་རེད།
དེ་ཡང་ལོ་རེ་བོད་ཟླ་བཞི་པར་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ཟེར་ཞིང་། ས་ག་ཟླ་བའི་ཚེས་༡༥་ཉིན་སྟོན་པ་ཤཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཁྱད་པར་ཅན་ཞིག་ལ་བརྟེན་ནས། ས་ག་ཟླ་བའི་རིང་བོད་ནང་དུ་ཡོད་པའི་བོད་མི་ཚོས་ལྷ་ལྡན་ཇོ་བོ་ཤཀྱ་རྣམ་གཉིས་གཙོ་བོར་གྱུར་བའི་རྩེ་ཤོད་ཀྱི་རྟེན་གཙོ་ཁག་དང་། གདན་ས་ཆེན་པོ་རྣམ་གསུམ། དེ་བཞིན་ལྷ་སའི་ཉེ་འཁོར་བསམ་ཡས་དགོན་པ་ལ་སོགས་པའི་བོད་ཁྱོན་ཡོངས་ཀྱི་རྟེན་མཆོག་རྣམས་ལ་བོད་མི་གཙོ་བོར་གྱུར་བའི་དད་ལྡན་པ་ཚོས་སྙན་དར་དང་། མཆོད་འབུལ། སྨྱུང་གནས་སྲུང་བ། སློང་མོར་སྦྱིན་པ་བཏང་བ། དམར་ཟས་སྤང་ནས་དཀར་ཟས་ལ་རོལ་བ་སོགས་བཞི་པ་ས་ག་ཟླ་བའི་དུས་ཚིགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཇེ་མང་སྤེལ་གནང་བཞིན་ཡོད་པ་རེད།
ཡང་ཕྱི་ཚེས་༢༡་འམ་བོད་ཟླ་བཞི་པའི་ཚེས་༡༥་ཉིན་བོད་ནང་གི་བོད་མི་མང་པོ་ཞིག་ལྷོ་ཁ་བསམ་ཡས་དགོན་པར་གནས་མཇལ་དུ་འབྱོར་གནང་ཡོད་པ་དང་། དེར་འབྱོར་བའི་བོད་མི་ཚོས་ལྷོ་ཁའི་གནས་ཆེན་ཁག་སྐོར་གནང་བ་དང་སྦྲགས་མར་མེའི་མཆོད་མེ་འབུལ་བ་དང་།    བསང་གསོལ་གནང་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་མང་པོའི་ནང་ཚ་ཚ་འུར་འུར་གྱིས་མཉམ་ཞུགས་གནང་ཡོད་པ་རེད། དེ་ག་ནང་བཞིན་ཡང་བོད་མདོ་སྟོད་དང་། མདོ་སྨད་བཅས་པའི་ས་ཁུལ་ནང་དུའང་བཞི་པ་ས་ག་ཟླ་བའི་ནང་དཀོན་མཆོག་ལ་མཆོད་འབུལ་དང་། སྤྲང་པོར་སྦྱིན་པ་བཏང་བ། དམར་ཟས་སྤང་ནས་དཀར་ཟས་ལ་རོལ་བ་སོགས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་སྣ་མང་སྤེལ་གནང་བཞིན་ཡོད་པ་མ་ཟད། མདོ་སྨད་བླ་བྲང་དགོན་པར་ལོ་ལྟར་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་དགོན་པའི་མཐའ་འཁོར་དུ་སྤྲང་པོ་བརྒྱ་ཕྲག་མང་པོ་འཛོམས་ཀྱི་ཡོད་པ་རྣམས་ལ་བོད་མི་གཙོ་བོར་གྱུར་བའི་དད་ལྡན་པ་ཚོས་སྤྲང་པོར་སྦྱིན་པ་བཏང་བ་དང་། སེམས་ཅན་སྲོག་བླུ་གནང་བ་སོགས་ཆོས་ཕྱོགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་གནང་བཞིན་ཡོད་པ་རེད།
ད་ལོར་ཟླ་ལྷག་གི་རྐྱེན་པས་བོད་ཟླ་བཞི་བའམ་ས་ག་ཟླ་བ་གཉིས་ཡོད་པ་རེད།    

གསར་འགོད་པ་དབྱངས་སྒྲོལ།  

མཆན། (0)
Share
དྲ་གནས་ཆ་ཚང༌།