ནང་ཆོས་ལ་སློབ་སྦྱོང་བྱས་ནས་སེམས་རྒྱུད་འདུལ་རྒྱུ་དེ་གལ་ཆེན་ཡིན། ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་གིས།
ཟླ་བ་འདིའི་ཕྱི་ཚེས་༢༩ཉིན་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནང་རྟེན་གཞི་བྱས་པའི་དཔལ་ས་ངོར་ཆོས་ཚོགས་ཀྱི་ཚོགས་ཆེན་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་བྱུང་བ་དབུ་འབྱེད་གནང་སོང་། ད་རེས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Prem Singh Tamang)་ མཆོག་གི་གཙོས་གཞན་བློན་ཆེན་ཁག་གཅིག་དང་། རྒྱལ་ཡུམ་ཆེན་མོ་དང་བདག་མོ་སྐལ་ལྡན་ལགས། གདུང་སྲས་དང་རྗེ་བཙུན་མ་རྣམ་པ། དེ་བཞིན་སྒང་ཏོག་ས་གནས་འགོ་འཛིན་དང་ཚོགས་པ་ཁག་གི་སྐུ་ཚབ། ས་ངོར་ཆོས་ཚོགས་ཀྱི་མཁན་བླ་འདུས་མང་ཡོང་དང་དད་ལྡན་མང་ཚོགས་བཅས་ལྷན་འཛོམས་ཐོག དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས། སངས་རྒྱས་ཀྱི་བསྟན་པ་ངོ་མ་དེ་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་ཆགས་ཀྱི་ཡོད་དུས་ང་རང་ཚོ་ནང་པ་སངས་རྒྱས་པ་དང་དེའི་ནང་ནས་ཐེག་པ་ཆེན་པོ་ཡིན་པས་ཆ་ནས་རང་ཉིད་གཅིག་པོའི་དོན་དུ་མ་ཡིན་པར་སེམས་ཅན་ཐམས་བཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཡག་ཞིག་ཡིན་དུས། ང་རང་ཚོས་དགོན་པ་གསར་བཞེངས་གནང་རྒྱུའི་དམིགས་ཡུལ་གཙོ་བོ་དེ་ལུང་རྟོགས་གི་བསྟན་པ་དར་བ་དང་གནས་དགོས་པ་ཞིག་ཡིན་པ་བཀའ་སྩལ་སོང་།
རིན་པོ་ཆེ་མཆོག་འབལ་ཡུལ་འབྲས་མོ་ལྗོངས་སུ་ཐོག་མར་ཕྱི་ལོ་༡༩༥༦ལོར་སྟོན་པ་མྱ་ངན་ལས་འདས་པའི་དུས་དྲན་སྐབས། རྒྱ་གར་ལ་གནས་སྐོར་ཕེབས་སྐབས་ལ་ཆེན་རྒྱུད་འབྲས་ལྗོངས་སུ་ཕེབས་ཡོད་པ་དང་། དེ་རྗེས་ཕྱི་ལོ་༡༩༥༩ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས་སླར་ཡང་ལ་ཆེན་རྒྱུད་འབྲས་ལྗོངས་སུ་ཕེབས་ཡོད་སྐོར་དང་འབྲས་ལྗོངས་དེ་བཞིན་ཕྱིའི་བཀོད་པ་མཛེས་སྡུག་ལྡན་པ་དང་། མཉམ་དུ་གུ་རུ་རིན་པོ་ཆེན་གྱི་བྱིན་གྱི་རླབས་པས་གནས་ཁྱད་པར་ཅན་ཞིག་ཡིན་པ་བཀའ་སྩལ་སོང་།
མཐའ་མཇུག་རིན་པོ་ཆེ་མཆོག་གིས་སེམས་ཅན་ཐམས་ཅད་རང་གི་ཕ་མ་མ་བྱེད་པ་གཅིག་ཀྱང་མེད་པ་ཡིན་དུས་ཐམས་ཅད་སྡུག་བསྔལ་ལས་གྲོལ་པའི་ཆེད་དུ་སངས་རྒྱས་ལ་གསོལ་བ་སྨོན་ལམ་བཏབ་པ་ཙམ་མིན་པར་ནང་ཆོས་ལ་སློབ་སྦྱོང་བྱས་ནས་སེམས་རྒྱུད་འདུལ་རྒྱུ་དེ་གལ་ཆེན་ཡིན་པ་བཀའ་སྩལ་སོང་།
དེ་བཞིན་སྐྱབས་རྗེ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག་དང་། ས་ངོར་ཆོས་ཚོགས་ཀྱི་འགན་འཛིན། སྒང་ཏོག་ས་གནས་འགོ་འཛིན་བཅས་ནས་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྒྲུབ་མཚམས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དབུས་པས་སྐུ་མགྲོན་རྣམ་པས་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ལ་མཎ་ཌལ་རྟེན་གསུམ་འདེགས་འབུལ་ཞུས་གནང་སོང་།
སྒང་ཏོག་ས་ངོར་ཆོས་ཚོགས་དེ་བཞིན་ཐོག་མར་ཕྱི་ལོ་༡༩༦༧ལོར་གསར་བཞེངས་གནང་པ་ཞིག་དང་། ད་ལྟ་དགོན་པ་བཞེངས་སའི་ས་ཆ་དེ་ཡང་འབྲས་ལྗོངས་ཆོས་རྒྱལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་མཆོག་གིས་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ལ་མཆོད་པའི་ཚུལ་དུ་ཕུལ་པ་ཞིག་ཡིན་འདུག། དགོན་པ་དེ་བཞེངས་དགོས་པའི་དམིག་ཡུལ་གཙོ་བོ་ནི་ཕྱི་ལོ་༡༩༥༩ལོར་བོད་ནང་དུས་འགྱུར་བྱུང་པའི་རྗེས་བོད་མི་ཁྲི་ཚོ་མང་པོ་བཅན་བྱོལ་དུ་སླེབ་དགོས་བྱུང་པ་དང་། སྐབས་དེ་དུས་བོད་མི་མི་རབས་རྒན་པ་ཚོས་སོ་སོའི་ཐུན་མོང་མ་ཡིན་པའི་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཆེད་དུ་དང་། ལྷག་པར་དུ་ཕྱི་ལོ་༡༩༨༧ལོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་སུ་ཞབས་སོར་བཀྲིན་སྐྱངས་སྐབས་མགོན་པོ་མཆོག་དགོན་པ་འདིར་ཐུགས་གཉེས་པོ་གནང་ནས་རྟེན་འབྲེལ་གྱི་ཚུལ་དུ་མདོ་སྡེ་བསྐལ་བཟང་གིས་ཞལ་ཆེ་ཡང་གནང་ཡོད་པ་ས་ངོར་ཆོས་ཚོགས་ཀྱི་འགན་འཛིན་ཧོ་ཆོ་ཚང་འཛིན་ཀུན་དགའ་ཡོན་ཏན་ལགས་ཀྱིས་གསུངས་བྱུང་།
མཛད་འཆར་ལྟར་བྱས་ན། འདི་ཚེས་༣༡ཉིན་རིན་པོ་ཆེ་མཆོག་གིས་དད་ལྡན་མང་ཚོགས་ལ་ཚེ་དབང་བཀྲིན་བསྩལ་རྒྱུ་དང་། ཕྱི་ཟླ་༤ཚེས་༢ཉིན་དད་ལྡན་མང་ཚོགས་ལ་བྱང་ཆུབ་སེམས་པའི་སྡོམ་པ། བཛྲ་གུ་རུ། མ་ཎི། དང་ཕོ་ལུང་བཅས་བཀྲིན་བསྩལ་རྒྱུ་མ་ཟད། ཕྱི་ཚེས་༤ཉིན་ཕུར་པའི་གཏོར་དབང་བཀྲིན་བསྩལ་རྒྱུ་དང་། ཕྱི་ཚེས་༥ཉིན་དཔལ་ས་ངོར་ཆོས་ཚོགས་མཁན་བླ་འདུད་མང་ཡོངས་ནས་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་སྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།