༧གོང་ས་མཆོག་རྒྱ་ནག་ནང་གདན་འདྲེན་ཞུ་དགོས་པའི་འབོད་སྐུལ།


2019.03.05
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་པ་སྐུ་ཞབས་(Sam BrownBack)མཆོག ༼གཡས ༢༠༡༩།༣།༤ ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་པ་སྐུ་ཞབས་(Sam BrownBack)མཆོག ༼གཡས ༢༠༡༩།༣།༤
RFA

ཨ་རིའི་ཕྱི་སྲིད་ལས་ཁུངས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་པ་མཆོག་གིས་༧གོང་ས་མཆོག་རྒྱ་ནག་ནང་གདན་འདྲེན་ཞུ་དགོས་པའི་འབོད་སྐུལ་གནང་སོང་།
རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ལ་སྡང་ཟུག་དང་རྡུང་རྡེག་གཏོང་ཡུལ་བོད་མི་དང་། ཡུ་གར་ཁ་ཆེ། རྒྱ་མི་ཡི་ཤུ་དང་ཧྥ་ལུང་སྒོང་བཅས་ཀྱི་མཉམ་སྦྲེལ་ཚོགས་པ་ཅིག་གསར་འཛུགས་ཞུས་ཏེ་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཡོངས་ཁྱབ་གནང་ཞིང་། ཚོགས་འདུ་དེའི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་པ་སྐུ་ཞབས་(Sam BrownBack)མཆོག་དབུ་ཞུགས་གནང་སྟེ་ཚོགས་པ་དེ་དབུ་འཛུགས་གནང་བར་རྒྱབ་སྐྱོར་ཡོད་པ་གསུངས་ཡོད་པ་རེད། ཡང་ཁོང་གིས་ཨ་མི་རི་ཀའི་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་སྔ་རྗེས་འབོད་སྐུལ་ཞུས་པ་བཞིན། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་ཞུ་དགོས་པ་དང་།འདིའི་ཐད་ཨ་རིའི་གཞུང་སྔ་རྗེས་ནས་རྒྱབ་སྐྱོར་ཞུས་ཡོད་པ་གསུངས་ཤིང་། རྒྱ་ནག་གཞུང་གིས་བླ་སྤྲུལ་ཡང་སྲིད་ཐད་ཐེ་བྱུས་བྱས་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བསྐོ་བཞག་བྱས་པར་ཐུགས་འཚབ་ཡོད་པ་གསུངས་པ་དང་སྦྲགས། བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་བདག་དབང་བོད་མི་ཚོར་ཡོད་དགོས་པ་ནན་བརྗོད་གནང་ཡོད་པ་རེད། གཞུང་ཚབ་པ་སམ་སྦརའོན་སྦེཀ་མཆོག་གིས་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་དུ་ཕེབས་འཇུག་དགོས་པ་གསུངས་པར་མ་ཟད། བོད་མིའི་གནད་དོན་འདི་ནི་ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱིས་ཡུན་རིང་རྒྱབ་སྐྱོར་གནང་ཡུལ་ཞིག་ཡིན་པས། ཨ་མི་རི་ཀའི་གཞུང་གིས་ངོས་ནས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བཀའ་དྲིར་ལན་འདེབས་གནང་སྐབས་གསུངས་ཡོད་པ་རེད།
དེ་བཞིན་ཚོགས་འདུ་འདེའི་ཐོག་ཆེད་ཕེབས་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་(Jim Mcgovern)མཆོག་གིས་ཁོང་གིས་ཐོག་མར་ཁྲིམས་འཆར་བཏོན་གནང་གིས་གཏན་བེབས་བྱུང་བའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་འདི་དོན་འཁྱོལ་ཡོང་ཐབས་བྱ་རྒྱུ་དང་།  ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་གཞག་དགོས་པ།
རྒྱ་ནག་གི་བཙན་དབང་འོག་བཀག་ཉར་བྱས་པའི་པཎ་ཆེན་རིན་པོ་ཆེའི་གར་ཡོད་གནས་སྟངས་ཤེས་རྟོགས་ཡོད་པ་བཟོ་དགོས་རྒྱུ་གལ་ཆེ་ཡིན་པ་གསུངས་ཡོད་པ་རེད་ལ ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་གོ་ལ་འདིའི་སྟེང་ཀྱི་སྐྱེས་བུ་བཟང་ཤོས་ཡིན་ཡང་རྒྱ་ནག་གཞུང་གིས་ཁོང་ལ་ཞེད་སྣང་བྱེད་ཀྱི་འདུག་པ་དེ་ནི་དགོས་དོན་མེད་པ་ཞིག་ཡིན་པ་གསུངས་པ་དང་སྦྲགས།
དེ་ལས་ལྡོག་སྟེ་ཁོང་བོད་ནང་དུ་ཕེབས་འཇུག་དགོས་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
ཡང་ཚོགས་འདུའི་ཐོག་དེ་སྔོན་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཡིན་མུས་ཁར་བོད་དུ་གསང་བའི་ཐོག་ནས་ཕེབས་མཁན་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས་ ཧྥེརངཀ་ཝོལཧྥ་ལགས་ཀྱིས་བོད་ནང་བོད་མི་རང་ལུས་མེར་བསྲེགས་གནང་མཁན་གྱི་ཛ་དྲག་གི་གནས་སྟངས་ལུང་འདྲེན་ཐོག་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་པའི་རྣམ་པ་ཞིག་ཡོད་པར་ཐུགས་འཚབ་གསལ་སྟོན་གནང་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་སུ་འདུ་འཛོམས་བྱུང་བའི་ཚོགས་འདུ་དེའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་འོག་ཡོད་པའི་ཡུ་གུར་ཁ་ཆེའི་སྐུ་ཚབ་དང་།  རྒྱ་ནག་ནང་དུ་ཡི་ཤུའི་ཆོས་པ། ཧྥ་ལུང་སྒོང་ཆོ་ག་སྒོམ་སྒྲུབ་པའི་མི་སྣ།  གཞན་ཡང་རྒྱ་ནག་ནང་ཉེན་རྟོག་པའི་ལས་ཀ་བྱེད་མྱོང་མཁན་བཅས་ཀྱི་སོ་སོའི་གཟིགས་ཚུལ་དང་མྱོང་བ་རྣམས་ངོ་སྤྲོད་གནང་ཞིང་།  བོད་མིའི་ཕྱོགས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་བོད་མི་རྣམས་ཀྱི་རང་ལུས་མེར་བསྲེགས་ཀྱི་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་ལ་འཇུག་པ་དེ་ནི། བོད་མི་རྣམས་བློ་ཞུམ་པ་མཚོན་པ་ཞིག་མིན་པར་དེ་ལས་ལྡོག་སྟེ་འདི་ནི་བོད་མི་་མི་ཐོག་གསུམ་རིང་རྒྱ་ནག་གི་དབང་བསྒྱུར་འོག་སྡུག་སྦྱོང་མྱངས་པའི་སེམས་ནང་གི་སྡུག་བསྔལ་གསལ་སྟོན་བྱས་པའི་མཚོན་རྟགས་ཤིག་ཡིན་པ་གསུངས་ཤིང་། ཁོང་གིས་ད་དུང་། མ་འོངས་པར་རྒྱ་ནག་གཞུང་གིས་བོད་མིའི་རེ་འདུན་མ་སྒྲུབ་ན། དེ་བས་ཉེན་འགན་ཆེ་རུ་འགྲོ་སྲིད་པའི་ཉེན་བརྡ་ཡང་བཏང་གནང་ཡོད་པ་རེད།
ཨ་རིའི་རྒྱལ་སར་ཚོགས་པའི་གསར་འགོད་ལྷན་ཚོགས་འདིའི་སྐབས། རྒྱ་ནག་དང་འབྲེལ་ཆགས་གནད་དོན་ཐད་གོང་གི་མི་རིགས་དེ་རྣམས་ཆིག་སྒྲིལ་དང་མཉམ་མཐུན་གྱི་ལས་འགུལ་སྤེལ་ཕྱོགས་ཐད་གླེང་སློང་གནང་ཞིང་། རྒྱ་ནག་དམར་པོའི་གཞུང་གིས་བོད་དང་རྒྱ་ནག ཤར་ཏུར་ཀིས་ཐན་བཅས་ནང་གི་གནས་སྟངས་ཡར་རྒྱས་མ་བཏང་བར་ཨ་རིའི་གཞུང་གིས་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོའི་ཐོག་དམ་དྲག་འགེལ་དགོས་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎