གསེར་རྟ་ཆོས་སྒར་གྱི་གྲ་ཤག་བརྒྱ་ཕྲག་ཁ་ཤས་གཏོར་འདུག


2016.07.29
གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་ཤུལ། ༢༠༡༦།༧།༢༥ གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་ཤུལ། ༢༠༡༦།༧།༢༥
བོད་འབྱོར།

རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲ་ཤག་བརྒྱ་ཕྲག་ཁ་ཤས་གཏོར་ཟིན་པ་དང་ད་དུང་མུ་མཐུད་དུ་གཏོར་བཞིན་པ་རེད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། གསེར་རྟ་བླ་རུང་ཆོས་སྒར་གྱི་གྲ་བཙུན་ཚོད་འཛིན་ཆེད་རྒྱ་ནག་གཞུང་གིས་ཟླ་འདིའི་ཕྱི་ཚེས་༢༠་ཉིན། དམག་མིའི་བསྐོར་སྲུང་འོག་ཞོར་ལས་མཁན་དང་འཕྲུལ་ཆས་སོགས་ཁུར་འོང་ནས་སྒར་གྱི་གྲ་བཙུན་ཚོའི་གྲ་ཤག་བཙན་དབང་གིས་གཏོར་འགོ་བརྩམས་ཡོད་པ་དང་། ཕྱི་ཚེས་༢༠་ཉིན་གྲ་ཤག་༡༠༠་ཙམ་གཏོར་ཟིན་འདུག་ལ། དེ་ནས་ཉིན་གྲངས་གཉིས་རིང་ཆར་བ་ཤུགས་ཆེན་བབ་པའི་རྐྱེན་གྱིས་ལས་མཚམས་བཞག་ཡོད་ཀྱང་། རྗེས་སུ་ཡང་མུ་མཐུད་དུ་ཉིན་རེར་གྲ་ཤག་༡༠༠་ནས་༡༥༠་བར་གཏོར་བཤིག་བཏང་སྟེ། ད་བར་ཁྱོན་གྲ་ཤག་༦༠༠་ཙམ་གཏོར་ཟིན་ཡོད་པ་མ་ཟད། ད་དུང་མུ་མཐུད་དུ་གཏོར་བཞིན་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་འབྲེལ་བརྗོད་གནང་འདུག
ཡང་དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས་ཐད་ཀར་བོད་ནང་གི་བོད་མི་ཞིག་ལ་དྲིས་སྐབས། ཁོང་གིས་གསེར་རྟ་སྒར་གྱི་མཐོང་བའི་ལྷ་མོའི་ཕྱོགས་ཀྱི་བཙུན་མའི་བཞུགས་ཤག་འགོ་ཚུགས་ཏེ་ད་བར་ཁྱོན་བཞུགས་ཤག་༢༠༠་ལྷག་གཏོར་ཟིན་ཡོད་པ་དང་མུ་མཐུད་དུ་གཏོར་བཞིན་པ་ངོ་སྤྲོད་གནང་བ་བཅས་འདི་ག་རླུང་འཕྲིན་ཁང་ལ་བསྡོམས་གྲངས་མི་འདྲ་བ་གཉིས་བྱུང་།
འདི་གའི་གསར་འགོད་པའི་གནས་ཚུལ་ནང་། ས་གནས་རྒྱ་ནག་སྲིད་གཞུང་གི་ངོས་ནས་བྲག་འགོ་རྫོང་དང་། རྟའུ་རྫོང་། དཀར་མཛེས་རྫོང་སོགས་ནང་དམག་མི་༥༠༠་རེ་གོ་སྒྲིག་བྱས་སྟེ་གནས་ཚུལ་ཇི་བྱུང་ལ་དྲག་གནོན་བྱེད་རྒྱུའི་གྲ་སྒྲིག་བྱས་ནས་བཞག་ཡོད་པ་དང་། དཀར་མཛེས་རང་སྐྱོང་ཁུལ་དུ་ཡང་དམག་གི་གོ་སྒྲིག་བྱས་ཡོད་པས། ཚང་མ་ཉམ་ཆུང་བྱས་ནས་འདུག་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་བཀོད་ཁྱབ་བཏང་ཡོད་པ་རེད།
གཞན་ཡང་ཟླ་ཤས་གོང་དྲ་ཐོག་ལ་ཐོན་པའི་རྒྱ་ནག་གཞུང་གི་འཆར་གཞིའི་ཡིག་ཆ་དེའི་ནང་འཁོད་པར། བླ་རུང་ཆོས་སྒར་དུ་གཞུང་གིས་གྲ་བཙུན་གྱི་ཚད་གཞི་བཟོས་ཡོད་པ་དང་། མ་འོངས་པའི་དུས་ཚོད་ནང་ཟི་ཁྲོན་ཞིང་ཆེན་ཁོངས་ནས་མ་ཡིན་པའི་གྲ་བཙུན་ཚོ་རིམ་པས་དགོན་པ་ནས་ཕྱིར་ཕུད་གཏོང་གི་ཡོད་པ་བཞིན་མཐར་གྲ་བཙུན་གྱི་ཚད་གཞི་ནི་ལྔ་སྟོང་བར་ཚོད་འཛིན་བྱེད་ཀྱི་ཡོད་འདུག
གནད་དོན་འདིའི་ཐད་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཕྱིའི་ཚོགས་སྡེ་འདྲ་མིན་ནས་ངོ་རྒོལ་སྐྱོན་བརྗོད་དང་སྦྲགས་བཙན་ཤེད་ཀྱི་བྱ་སྤྱོད་དེ་འཕྲལ་མར་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད།

གསར་འགོད་པ་བསོད་ནམས་ལྷ་མོ་དང་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎