རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་སྒོ་རྒྱག་བཅུག་ཡོད་འདུག

2021-07-13
Share
རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་སྒོ་རྒྱག་བཅུག་ཡོད་འདུག སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ
བོད་འབྱོར།/RFA

རྒྱ་ནག་གཞུང་གིས་བོད་ཡིག་ཆེད་སྦྱོང་ཡིན་པའི་མགོ་ལོག་དར་ལག་རྫོང་དུ་ཡོད་པའི་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་སྒོ་རྒྱག་བཅུག་ཡོད་འདུག
ཕྱི་ཟླ་༧་ཚེས་༨་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དུ་ཡོད་པའི་མི་ལོ་༢༠་ལྷག་གི་སློབ་གསོའི་བརྒྱུད་རིམ་ཡོད་པ། བོད་ཡིག་ཆེད་སྦྱོང་ཡིན་པའི་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་བཙན་གྱིས་སྒོ་རྒྱག་བཅུག་སྟེ། སློབ་ཐུན་རྗེས་མ་ནས་སློབ་མ་ཚང་མ་རྒྱ་ནག་གཞུང་གི་སློབ་གྲྭ་ཁག་ནང་གཏོང་དགོས་པ་མ་ཟད། རྗེས་ཕྱོགས་ནས་སློབ་གླིང་དེར་སློབ་ཁྲིད་དང་ལས་རིགས་སློབ་གསོའི་རིགས་གང་ཡང་གཉེར་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ། འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འདི་ལོ་ནས་རྒྱ་ནག་གཞུང་གིས་སེར་ཤུལ་རྫོང་དང་རྨ་སྟོད་རྫོང་སོགས་སུ་བོད་ཡིག་ཆེད་སྦྱོང་གི་སྒེར་གཉེར་སློབ་གྲྭ་ཁག་བཙན་གྱིས་སྒོ་རྒྱག་བཅུག་བཞིན་ཡོད་པ་བཞིན། གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་དེ་ཐོག་མར་གསར་འཛུགས་བྱས་སྐབས་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲད་ཡོད་པ་མ་ཟད། ཡིག་ཆ་སོགས་ཚང་མ་རྒྱ་ནག་གཞུང་ཕྱོགས་ནས་སྤྲད་དེ་སློབ་གྲྭ་དངོས་སུ་བཙུགས་བཅུག་ཡོད་པ་དང་། ད་ལྟ་སྲིད་གཞུང་གིས་ཡིག་ཆ་སོགས་ཡོད་བཞིན་དུ་སློབ་གྲྭ་སྒོ་རྒྱག་བཅུག་ཡོད་པ་དང་། རྒྱུ་མཚན་གཙོ་བོ་ནི་སློབ་གྲྭའི་ནང་བོད་ཡིག་སློབ་ཚན་གཙོ་བོ་ཁྲིད་བཞིན་ཡོད་པས་ཡིན་པ་དང་། ད་ལྟའི་ཆར་དེ་གཅིག་པུ་ཙམ་མ་ཡིན་པར་མགོ་ལོག་ཕྱོགས་སུ་བོད་ཡིག་ཆེད་སྦྱོང་གི་སྒེར་གཉེར་སློབ་གྲྭ་ཁག་མང་པོ་གནོན་ཤུགས་སྤྲོད་བཞིན་ཡོད་སྐོར་བརྗོད་བྱུང་།
ཡང་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་རྒྱག་བཅུག་པའི་ཉིན་མོ་དང་བསྟུན། སློབ་གྲྭ་དེའི་སློབ་གཙོ་འཇིགས་མེད་ཀུན་བཟང་རྒྱལ་མཚན་ལགས་ནས། སློབ་གྲྭ་དེའི་སློབ་མ་དང་ཁྱིམ་བདག་ཚོར་ཆེས་མཐའ་མཇུག་གི་གཏམ་བཤད་སྤེལ་བའི་ནང་། སློབ་གྲྭ་འདི་ཐོག་མར་རྒྱ་ནག་གཞུང་གི་དམངས་སྒྲུབ་སློབ་གསོའི་བཅའ་ཁྲིམས་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་བྱེད་བཅུག་པ་ཡིན་ལ། ད་བར་སློབ་གྲྭ་འདི་ནས་མཐར་ཕྱིན་སློབ་མ་༧༠༠་ལྷག་སྐྱེད་སྲིང་དང་། དེ་དག་གི་ཁྲོད་ནས་སྤྱི་ཚོགས་ཁྲོད་བོད་ཀྱི་རིག་གནས་ཐོག་ཞབས་འདེགས་ཞུ་བཞིན་པ་དང་ཞིབ་འཇུག་འདོན་བཞིན་པ། གྲྭ་ས་གདན་ས་ཁག་ཏུ་ནང་བསྟན་རིག་གནས་ལ་བྱས་རྗེས་འཇོག་ཐུབ་མཁན་མང་པོ་ཞིག་བྱུང་ཡོད་སྐོར་བརྗོད་འདུག

sangdruk school (2).jpeg
གཞན་ཡང་གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༥་ཙམ་ནས་བོད་རང་སྐྱོང་ལྗོངས་གཙོའི་བོད་རིགས་འདུས་སྡོད་ཀྱི་ཞིང་ཆེན་ཁག་ནང་། རྒྱ་ནག་གི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཆེན་ཏང་གི་བོད་འབྲེལ་ལས་དོན་ཚོགས་འདུའི་དགོངས་དོན་སྒྲོག་སྦྱང་ལག་དེབ་ཞེས་པ་ཞིག་འགྲེམས་སྤེལ་གྱིས། བོད་ཁུལ་ཡོངས་སུ་སྲིད་གཞུང་གི་སློབ་གསོ་གཅིག་གྱུར་དགོས་པའི་བཀོད་ཁྱབ་གཏོང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་ནང་སྤྲད་པའི་དེབ་དེའི་ནང་རྒྱ་ཡིག་གཙོ་ཁྲིད་དགོས་པ་མ་ཟད། ཡིག་ཆ་དེ་དགེ་རྒན་དང་ལས་སྣེ་བ་ཚོ་ལས་གཞན་སུ་ལ་ཡང་རྒྱུད་སྐུལ་མི་ཆོག་པའི་བཀོད་ཁྱབ་བཙན་པོ་བཏང་ཡོད་སྐོར་བརྗོད་བྱུང་།
མགོ་ལག་དར་ལག་རྫོང་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་ནི། བླ་རུང་ནང་བསྟན་སློབ་གླིང་ནས་ཡིན་པའི་མཁན་པོ་འཇིགས་མེད་ཀུན་དགའ་རྒྱལ་མཚན་ལགས་དང་། མཁན་པོ་ཐུབ་ནོར་རིན་པོ་ཆེ་ལགས་གཉིས་ནས་༡༩༩༨་ཟླ༡༢་ཚེས་༥་ཉིན། མགོ་ལོག་ཁུལ་དར་སྲིད་གཞུང་དང་དར་ལོག་རྫོང་སྲིད་གཞུང་གཉིས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཚུགས་ཡོད་པ་དང་། ཕྱི་ལོ་༢༠༠༥་ལོ་ནས་སྲིད་གཞུང་གིས་སློབ་གྲྭ་དེར་སློབ་འབྲིང་རིམ་པའི་ཆོག་མཆན་སྤྲད་ཡོད་པ་དང་། དམིགས་བསམ་སློབ་གྲྭ་དེས་བོད་རིགས་ས་ཁུལ་གྱི་སློབ་མ་དཔལ་འབྱོར་དཀའ་ཁག་ཅན་ལ་སློབ་གསོ་སྤྲོད་ཐབས་བྱས་ཡོད་འདུག་ལ། ས་ཁུལ་དེའི་ནང་སློབ་གྲྭ་དེར་ཡག་ཤོས་ཤིག་དང་ཡུལ་མི་ཚོས་བརྩི་མཐོང་ཆེན་པོ་བྱེད་ས་ཞིག་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།