ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག

2024.04.09

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་ལས་ཐོག་འཆི་མེད་ཚེ་དབྱངས་ལགས་བསྙུན་མནར་གྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་སྤྱི་ཟླ་༤པའི་ཚེས་༩ཉིན་གྱི་ཞོགས་པར་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལྷན་ཁང་ཁག་དང་ལས་ཁུངས་ཆེ་ཆུང་ཡོངས་རྫོགས་སྒོ་བསྐྱོན་ཏེ་མྱ་ངན་དང་འབྲེལ། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་སྲི་ཞུ་ལས་བྱེད་པ་བརྒྱ་ཕྲག་འགའ་དང་སྤྱི་འཐུས་རྒྱུན་ལས་དང་བཀའ་བློན་བཅས་འཛོམས་པའི་ཐོག་ནས། བསྔོ་སྨོན་གསུང་འདོན་གནང་བའི་སྐབས་བཀའ་ཤག་གི་བཀའ་དྲུང་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས། ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ནི་སྤྱི་ལོ་༢༠༠༠ལོ་ནས་ཟླ་དྲུག་ཚོད་བལྟའི་ཐོག་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་བཞག་གནང་སྟེ། དྲུང་གཞོན་དང་ཟུང་དྲུང་སོགས་ཐེམ་པ་རིམ་བགྲོད་ཀྱིས་ཕྱི་དྲིལ་དྲུང་ཆེ་ལས་འཕར་དང་། ཕྱི་དྲིལ་དྲུང་ཆེ་སོགས་གནང་བ་མ་ཟད། སྤྱི་ལོ་༢༠༢༡ལོ་ནས་ཆོས་རིག་དྲུང་ཆེ་ལ་བསྐོ་བཞག་གིས་ད་བར་ཕྱག་ལས་གནང་མུས་ཡིན་པ་ངོ་སྤྲོད་གནང་སོང་།
སྨོན་ལམ་གསུང་འདོན་དུ་ཕེབས་པ་སྲི་ཞུ་ལས་བྱེད་པ་ཚོར་བཀའ་ཤག་གི་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས། འདི་འདྲའི་དུས་ཚོད་ལ་སྐད་ཆ་བཤད་རྒྱུ་ནི་ཧ་ཅང་ཁག་པོ་དང་ཡིད་སྐྱོ་བའི་གནས་སྟངས་ཤིག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཤུལ་ལུས་ནང་མི་ཚང་མར་ཐུགས་གསོ་སྨོན་ལམ་གནང་གི་འདུག
དགུང་ལོ་༥༢སོན་པ་ཆོས་རིག་དྲུང་ཆེ་ཀླུ་ཁྲི་ཚང་འཆི་མེད་ཚེ་དབྱངས་ནི། སྤྱི་ལོ་༡༩༧༢ལོར་རྒྱ་གར་དུ་སྐྱེས་པ་དང་། པོཎ་ཊ་དང་མ་སུ་རི་གཏན་སློབ་སོགས་མཐར་སོན་ཏེ་སྤྱི་ལོ་༡༩༩༥ལོར་རྒྱ་གར་པཎ་ཇབ་གཙུག་ལག་སློབ་ཆེན་དུ་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་དང་། སྤྱི་ལོ་༢༠༠༠ལོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དུ་དྲུང་ལས་འགོ་འཛུགས་གནང་བ་ནས་བཟུང་། མི་ལོ་ཉི་ཤུ་ལྷག་གི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་གནས་འདྲ་མིན་གྱི་ཐོག་ཕྱག་གནང་སྟེ་དྲུང་ཆེའི་གནས་རིམ་བར་ཕེབས་ཡོད་པ་རེད། ཕྱི་ལོ་༢༠༢༠ ཟླ་༩ཚེས་༡ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེའི་ལས་འགན་དང་། དེ་ནས་ཕྱི་ལོ་༢༠༢༡ལོའི་ཟླ་༩ཚེས་༡ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ཐུགས་འགན་བཞེས་བཞིན་པ་རེད།
འཆི་མེད་ཚེ་དབྱངས་ནི་བུད་མེད་ཞིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་གནང་མཁན་དང་པོ་དེ་ཡིན་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་བཀོད་པ་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་ཤིག་ཡིན། འདིའི་ལས་འགན་གཙོ་བོ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། ཆོས་རིག་དང་འབྲེལ་བའི་གཏན་འབེབས་སྲིད་བྱུས་ལག་བསྟར་དང་། ཁྱབ་ཁོངས་དགོན་སྡེའི་སྒྲིག་འཛུགས་ཁག་ལ་ལམ་སྟོན་དང་མཐུན་འགྱུར་ཞུ་རྒྱུ་སོགས་ཡིན།
ཆོས་རིག་ལས་ཁུངས་སུ་དེབ་བསྐྱེལ་བྱུང་བ་རྒྱ་བལ་འབྲུག་གསུམ་དུ་དགོན་པ་༢༦༢ཡོད་པ་རྣམས་ལ་ལམ་སྟོན་སྟངས་འཛིན་དང་། དགེ་བཙུན་ཞལ་གྲངས་༣༠༠༠༠སྐོར་གྱི་བདེ་དོན་ལ་གཟིགས་སྐྱོང་གནང་གི་ཡོད་པ་རེད་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཐེ་ཝན་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎