གླིང་སྐོར་ནས་རང་ལུས་མེར་བསྲེགས་གནང་མཁན་དོན་གྲུབ་རེད།


2017-07-31
Share
དོན་འགྲུབ་ལགས་ཀྱི་ཉེ་པར། དོན་འགྲུབ་ལགས་ཀྱི་ཉེ་པར།
RFA

རྡ་རམ་སཱ་ལར་རང་ལུས་མེར་བསྲེགས་གནང་མཁན་ནི་ནོར་གླིང་ལ་གནས་སྡོད་བྱེད་མཁན་དོན་འགྲུབ་ལགས་ཡིན་པ་ར་སྤྲོད་བྱུང་འདུག
དེ་ཡང་ཉེ་ཆར་སྤྱི་ཟླ་༧་ཚེས་༢༩་ཉིན་བཞུགས་སྒར་རྡ་རམ་སཱ་ལ་ནས་རང་ལུས་མེར་བསྲེགས་བཏང་གནང་མཁན་ནི་ནོར་གླིང་གི་ལས་བྱེད་དོན་གྲུབ་ལགས་ཡིན་པ་དང་། ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་འབོད་སྒྲ་དང་བཅས་སྐུ་ལུས་མེར་བསྲེགས་བཏང་གནང་ཡོད་པ་ར་སྤྲོད་བྱུང་འདུག
ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས། རང་ལུས་མེར་བསྲེག་གནང་ནས་སྐུ་གྲོངས་བའི་དོན་གྲུབ་ལགས་དགུང་ལོ་༤༩་ཡིན་པ་དང་། བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཤིང་བཟོ་སྡེ་ཚན་གྱི་ཤིང་ཚོན་བྱུག་གནང་མཁན་ཡིན་པ་བརྗོད་འདུག
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་འདི་གའི་གསར་འགོད་པར། ཁོང་གིས་གོང་ཚེས་ཉིན་གླིང་སྐོར་ལམ་དུ་སྐུ་ལུས་མེར་བསྲེགས་བཏང་གནང་བའི་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་སྒྲ་སྒྲོགས་གནང་ཡོད་པ་དང་སྦྲགས་སྐུ་ལུས་མེར་བསྲེགས་བཏང་གནང་བ་བརྗོད་འདུག
དོན་གྲུབ་ལགས་ཕ་ཡུལ་གཙང་རྒྱལ་རྩེ་ནས་ཡིན་ཞིང་། པ་ལགས་ཀྱི་མཚན་ལ་ཡེ་ཤེས་ཚེ་རིང་ལགས་དང་། ཨ་མ་ལགས་ཀྱི་མཚན་ལ་བཅོ་ལྔ་ལྷ་མོ་ལགས་ཞུ་གི་འདུག ཁོང་དེ་སྔ་སྤྱི་ལོ་༡༩༩༡་ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་དང་། སྤྱི་ལོ་༢༠༡༢་ལོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཛུལ་ཞུགས་གནང་བ་ཡིན་འདུག

གསར་འགོད་པ་དབྱངས་སྒྲོལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།